ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། དེ་རིང་བོད་ལྗོངས་མང་གཙོའི་དུས་དྲན་ཐེངས་ ༤༨ པ་སྲུང་བརྩི་ཞུ་བའི་མཛད་སྒོར་ཐོག་མར་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཞུས་ཏེ་འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་གཞིས་ལུས་སྤན་ཟླ་རྣམས་ནས་ཞི་བའི་སྒེར་ལངས་ཀྱི་ལས་འགུལ་ཆེན་མོ་བརྩམས་པར་བརྟེན་སྤན་ཟླ་མང་དག་ཞིག་ནས་རང་གི་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་བ་དང་། མང་དག་ཞིག་ལ་བཙོན་འཇུག་མནར་གཅོད། མང་དག་ཞིག་ལ་རྨས་སྐྱོན། དེ་བཞིན་བོད་ཆོལ་གསུམ་ཡོངས་སུ་རྒྱ་ནག་གཞུང་གི་དྲག་གནོན་དམ་དྲག་ཅི་ཆེའི་འོག་ཛ་དྲག་གི་གནས་སྟངས་ཡོད་བཞིན་པར་མྱ་ངན་གུས་བཏུད་དང་། ཡིད་རངས་བསྔགས་བརྗོད། བོད་མིའི་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་སྐྱེད་བཅས་ཞུ་རྒྱུ་ཡིན།

སྐབས་བབས་དུས་དྲན་དངོས་གཞིའི་ཐོག་གནད་དོན་ཞུ་རྒྱུར། འཛམ་གླིང་གང་སར་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་འཕེལ་རིམ་རྣམ་པ་སྣ་ཚོགས་བྱུང་ཡོད་པ་ལྟར་བོད་ཀྱི་ལོ་རྒྱུས་བྱུང་རབས་ལའང་དེ་དང་འདྲ་མཚུངས་འཕེལ་གྲིབ་རིམ་པ་བྱུང་ཡོད་ཅིང་། ཉེ་བའི་དུས་རབས་སུ་བོད་ཀྱི་ལོ་རྒྱུས་ནང་རྒྱ་དམར་ནས་བཙན་འཛུལ་གྱིས་རྒུད་ཚོགས་བཟློག་ཏུ་དཀའ་བའི་གནས་སུ་གྱར་སྐབས་ཇི་ལྟར་བོད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོས་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་སྐྱོང་བཞེས་བཀྲིན་ཆེ་བ་བྱུང་བ་དང་། སྐབས་དེའི་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགྲོ་ལུགས་ལ་ཆབ་འབངས་ཀྱི་འཕྲལ་ཕུགས་བདེ་རྩ་ཁོ་ནར་དགོངས་ཏེ་བསྒྱུར་བཀོད་དགོས་གལ་གཟིགས་པ་ལྟར་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་འཛུགས་གནང་སྟེ་ཉམ་ཐག་ངལ་ཅན་རྣམས་ལ་བུན་རྙིང་སྒྲུབ་འཇལ་མ་དགོས་པ་དང་། རྟ་ཁལ་མི་གསུམ་གྱི་འུལ་ལག་སྐུལ་ཕྱོགས་རྒྱས་བཅད་གཏན་འབེབས། རྒྱལ་ཁབ་ཀྱི་དཔལ་འབྱོར་འདུ་འགོད་ཚུལ་མཐུན་འབྱུང་ཐབས་མཛད་པ། གཞན་ཡང་རྒྱལ་ཁབ་འཛིན་སྐྱོང་སྤེལ་གསུམ་གྱི་སྲིད་བྱུས་རྣམས་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་བཅོས་བསྒྱུར་གནང་རྒྱུའི་རླབས་ཆེན་དགོངས་གཞི་རྫོགས་མཐའ་མེད་པ་ཡོད་རུང་། སྐབས་དེར་ཁྱིམ་མཚེས་རྒྱ་ནག་རྒྱལ་ཁབ་ཀྱི་བཙན་དབང་བོད་སར་ཁྱབ་ཏེ་རྒྱ་ཕྱོགས་ནས་འགལ་རྐྱེན་སྣ་ཚོགས་ཆེད་བཟོས་ཀྱིས་བཞེད་དགོངས་ལྟར་ཕྱག་ལེན་དུ་འཁེལ་བ་མ་བྱུང་མུར་ཕྱི་ལོ་ ༡༩༥༩ ལོར་བོད་ནང་ཆབ་སྲིད་ཀྱི་དུས་འགྱུར་ཤུགས་ཆེས་མགོན་པོ་གང་ཉིད་འགྲོ་དོན་སྤྱི་དང་། ལྷག་པར་བོད་དང་བོད་མིའི་དོན་དུ་རྒྱ་གར་འཕགས་པའི་ཡུལ་དུ་རེ་ཞིག་སྲིད་དོན་སྐྱབས་བཅོལ་དུ་ཆིབས་བསྒྱུར་གནང་དགོས་སུ་གྱུར།

ཐོག་མའི་བཞེད་དགོངས་མཇུག་སྐྱོང་གི་ཚུལ་དུ་ ༡༩༥༩ ཟླ་བ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བཙན་བྱོལ་བོད་མི་འདུ་འཛོམས་ཡོངས་ནས་བརྟན་བཞུགས་བསྟར་འབུལ་དང་སྦྲགས་མང་ཚོགས་ནས་མགོན་པོ་གང་ཉིད་འགྲོ་བ་སྤྱི་དང་། བྱེ་བྲག་ཏུ་ཉམ་ཐག་བོད་མིའི་མགོན་དཔུང་དུ་ཐུགས་བསྐྱེད་དམ་བཅའ་བརྟན་པོས་འཚོ་ཞིང་གཞེས་ཏེ་ལམ་སྟོན་བླང་དོར་ཞུ་སྒོ་ཅི་མཆིས་ལ་ཚང་མས་ཅི་གསུངས་བཀའ་བསྒྲུབ་ཞུ་རྒྱུའི་དམ་བཅའི་མནའ་གན་མཐུ་བོ་ཆེ་ཕུལ་བར་དགྱེས་བཞེས་དང་བཅས་བཀའ་སློབ་ཏུ། བོད་འདི་སྔར་ལྟར་མ་ཡིན་པར་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་རྒྱ་ཆེ་མང་ཚོགས་ཀྱི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མི་ལྷན་ཚོགས་ཤིག་དགོས་གཤིས། སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་ཤེས་ཡོན་འབྱོན་ཐང་དང་། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ནས་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས། ཞེས་བཀའ་སློབ་ཕེབས་དགོངས་ལྟར་ཁུངས་སོ་སོས་འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་ནས་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་སེར་སྐྱ་མི་གྲངས་ ༡༣ ལ་བསྐོ་གཞག་ཕྱག་རྟགས་བསྩལ་ཏེ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་༸གོང་ས་༧ཀསྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཕྱག་དམ་འབུལ་དང་འབྲེལ་ཆོས་སྲིད་གཉིས་ལྡན་བོད་མང་གཙོའི་བཙན་བྱོལ་སྲིད་གཞུང་དབུ་བརྙེས་ཏེ་ད་རིང་མི་ལོ་ ༤༨ འཁོར་བའི་དུས་དྲན་ཁྱད་དུ་འཕགས་པ་འདི་སྲུང་བརྩི་ཞུ་བཞིན་པའི་དགའ་སྟོན་ལ་གཞིས་བྱེས་བོད་རིགས་སྤན་ཟླ་ཡོངས་དང་། བོད་དོན་རྒྱབ་སྐྱོར་བ་གྲོགས་པོ་རྣམ་པ་བཅས་ཚང་མར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

བཙན་བྱོལ་དུ་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་རིང་ཙམ་ཞུ་རྒྱུ་ཡོད་ཀྱང་གལ་ཆེར་ང་ཚོས་ཉམས་མྱོང་རིམ་བསགས་ཀྱིས་ཕྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གྲངས་ཚད་རྒྱ་བསྐྱེད་དང་སྦྲགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གནང་བ་དང་། བཅའ་ཁྲིམས་དགོངས་དོན་མང་གཙོའི་ཀ་བ་གསུམ་སྟེ་ཁྲིམས་བཟོ་ལྷན་ཚོགས་དང་། ཁྲིམས་ལུགས་དབང་འཛིན། འཛིན་སྐྱོང་བཅས་ཆ་ལག་ཆ་ཚང་ལྡན་པའི་བཙན་བྱོལ་བོད་གཞུང་ལྗིད་མཉམ་དབྱེ་གསེས་ཀྱི་ཕྱག་བསྟར་བཞིན་པའི་ཡང་དག་པའི་མང་གཙོའི་སྲིད་གཞུང་གོང་ནས་གོང་དུ་འཕེལ་བའི་བརྒྱུད་རིམ་ནས་འཛིན་སྐྱོང་གི་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་ལམ་སྲོལ་གསར་གཏོད་ཀྱིས་མང་གཙོའི་མངོན་འདོད་ཕྱི་གསལ་ནང་གསལ་ཅན་དུ་གྱུར་བ་འདི་བྱུང་། མདོར་ན་བོད་མིའི་སྔར་སྲོལ་བཟང་པོ་དམ་འཛིན་ཐོག རྒྱལ་སྤྱིའི་གནས་བབ་དང་། བོད་མིར་དགོས་མཁོ་དང་འཚམས་པའི་མང་གཙོའི་རིང་ལུགས་ཀྱི་ལེགས་ཆ་མ་ཚང་བ་མེད་པ་ཚད་ལྡན་གཞན་ལ་འགྲམ་ཆུ་ལྡང་མ་དགོས་པར་རང་རེའི་སྤྱོད་ཡུལ་དུ་ཡོད་པ་མ་ཟད། མང་གཙོའི་ཁེ་དབང་ལ་རྒྱུས་ཅན་ཀུན་གྱིས་ཡིད་སྨོན་བསྔགས་ཡུལ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་མི་དགོས།

འཛམ་གླིང་རྒྱ་ཁྱབ་ཏུ་མང་གཙོའི་འཕེལ་རིམ་ལ་དཔྱད་སྐབས། མི་རབས་རིམ་བརྒྱུད་ནས་མང་གཙོའི་ཐོབ་ཐང་ཆེད་ལུས་སྲོག་ལོངས་སྤྱོད་བློས་བཏང་གིས་ཁྲག་དྲི་བྲོ་བའི་འོག་ནས་མང་གཙོའི་ཁེ་དབང་ཐོབ་པ་འབའ་ཞིག་ཡིན་པ་ལོ་རྒྱུས་དན་རྟགས་ཀྱིས་ངོ་སྤྲོད་ཡོད་བཞིན་པ་དེ་ལྟར་ཡང་། དེ་ལས་ལྡོག་ཏེ་རང་རེའི་མང་གཙོའི་འཕེལ་རིམ་ནི་ཆབ་འབངས་ནས་རྩོད་ལེན་མ་དགོས་པར་དབུ་འཁྲིད་རང་ཉིད་ནས་རང་གི་སྐྱོང་ཡུལ་ཆབ་འབངས་རྣམས་ལ་བཅོས་འགྱུར་གནང་སྱིན་ལྟ་བུ་བདེ་བླག་ཏུ་བསྩལ་བ་ཁྱད་དུ་འཕགས་པའི་རྨད་བྱུང་མཛད་འཕྲིན་ལ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་བློ་སྙིང་བྲང་གསུམ་བཅོས་མིན་བློ་གཏད་བཅོལ་བའི་སྒོ་ནས་གསབ་ཏུ་དཀའ་བའི་བཀྲིན་བླ་མེད་དུ་ཆེ་ཞེས་གོ་སྐབས་འདི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀྲིན་རྗེས་དྲན་ཞུ་ཡི་ཡོད།

འདི་འབྲེལ་གནད་དོན་གལ་ཆེ་ཞིག་ཞུ་རྒྱུར། ལོ་རྗེས་མར་རང་ཅག་བཙན་བྱོལ་དུ་གྱར་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་མཚམས་སྲུང་བརྩི་གནང་རྒྱུ་དང་། དེ་བཞིན་ཕྱི་ལོ་ ༢༠༡༠ ལོར་བོད་གཞུང་མང་ཡོངས་ཀྱི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་བཟང་ལ་གྱུར་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་ཆེན་ཡང་སྲུང་བརྩི་ཟབ་རྒྱས་ཞུ་རྒྱུར་སྤྱི་འཐུས་རྒྱུན་ལས་ནང་བཀའ་བསྡུར་བྱུང་ཞིང།། འདི་སྐོར་ཞིབ་ཕྲ་ད་རེས་གྲོས་ཚོགས་ཚོགས་དུས་དྲུག་པ་མ་འཚོག་སྔོན་སྤྱི་འཐུས་ནང་ཁུལ་གྱི་ལྷན་ཚོགས་ཉིན་གྲངས་གསུམ་དང་ཕྱེད་ཀའི་རིང་གནང་གཏན་འཁེལ་ཡོད་སྐབས་བཀའ་བསྡུར་ཞུ་རྒྱུ་ཡིན། ཆབས་གཅིག་འཛིན་སྐྱོང་ལ་དྲན་བསྐུལ་ཞུ་རྒྱུར་གོང་གསལ་དུས་མཚམས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་ནང་བོད་ཕྲུག་ཚོར་མ་འོངས་བོད་ཀྱི་རྩ་ཆེན་སོན་རྩར་ངོས་འཛིན་གྱིས་ཕྱི་ལོ་ ༡༩༦༠ ལོ་འགོར་མ་སུ་རིར་བོད་གཞུང་གཏན་སློབ་ཐོག་མ་དབུ་འཛུགས་གནང་སྟེ་བཙན་བྱོལ་བོད་མིའི་ཤེས་རིག་ལས་དོན་ཐོག་ཀྱང་གྲུབ་འབྲས་ཀྱི་ལོ་ངོ་ལྔ་བཅུ་འཁོར་གྱི་ཡོད་སྟབས་དེ་དག་༸གོང་ས་མཆོག་ལ་བཀྲིན་རྗེས་དྲན་ཞུ་སླད་སྲུང་བརྩི་དགོས་པའི་འབོད་བསྐུལ་ཞུ་རྒྱུ་ཡིན།

བཙན་བྱོལ་གཞུང་ནས་བོད་ཀྱི་ཡུལ་མིར་གཏོགས་པ་ཡོངས་ལ་མང་གཙོ་ཡང་དག་པའི་ཁོར་ཡུག་བསྐྲུན་པ་བཞིན་མང་ཚོགས་ནས་ཀྱང་ཆ་ཤས་དང་ལེན་དགོས་པ་ནི་དུས་ཀྱི་དགོས་མཁོ་མེད་དུ་མི་རུང་བ་ཞིག་ཆགས་ཡོད། བོད་མི་མི་རེ་ངོ་རེ་ནས་མང་གཙོའི་རིན་ཐང་ཇི་ཡིན་སློབ་སྦྱོང་བྱེད་དགོས་པ་དང་། མང་གཙོའི་ཐོབ་ཐང་ཡོད་པ་ལྟར་ལས་འགན་ཡང་ཟུང་དུ་སྦྲེལ་ཏེ་མང་གཙོའི་ལེགས་ཆ་ཡོངས་སུ་ཚང་བའི་ཐོག་ནས་མདུན་བསྐྱོད་བྱེད་དགོས་པ་ལས། མང་གཙོ་ལ་ཁ་གཡར་ཏེ་ཁྲིམས་དང་སྒྲིག་གཞིར་ལྟོས་མེད་རང་སྣང་གང་ཤར་གྱི་ལམ་ནས་མང་གཙོའི་ལྡོག་ཕྱོགས་སུ་མི་འགྲོ་བ་གནང་རྒྱུར་ཚང་མས་ཐུགས་གཟབ་དགོས་པའི་འབོད་བསྐུལ་ཞུ་རྒྱུ་ཡིན།

གོང་དུ་བཀའ་སློབ་ཕེབས་དགོངས་ལྟར་མང་གཙོ་ཚད་ལྡན་ཡོང་དང་མི་ཡོང་མང་ཚོགས་ནས་འོས་འདེམས་བྱས་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་ཡོང་སྟངས་ལ་ཧ་ཅང་རག་ལུས་པར་བརྟེན་བོད་མི་ཚང་མས་འོས་བསྡུའི་ལས་རིམ་ནང་རུ་ང་ཆེན་པོའི་སྒོ་ནས་ཆ་ཤས་ལེན་དགོས་པ་ནི་མང་གཙོའི་ལས་འགན་གཙོ་གྲས་ཞིག་ཡིན། བཙན་བྱོལ་གཞུང་ནི་ཁྲིམས་ལུགས་དབང་བསྒྱུར་གྱི་སྲིད་གཞུང་ཞིག་ཏུ་གྱུར་ཟིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་འོག བཙན་བྱོལ་གཞུང་གི་གལ་ཆེའི་དབུ་འཁྲིད་མི་སྣ་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་དང་། བཀའ་བློན་ཁྲི་པ། ས་གནས་འཐུས་ཚོགས། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་བཅས་འོས་བསྡུའི་ལམ་ནས་སྤྱི་ཚོགས་ཀྱི་འགོ་འཁྲིད་དུ་བསྐོ་གཞག་བྱེད་པའི་མང་གཙོའི་ལམ་ལུགས་བཅོས་མ་མིན་པར་མཐོང་ཆོས་སུ་ཡོད་པ་འདི་ལྟར་ལ་བརྟེན། བཅའ་ཁྲིམས་གཙོ་བོར་གྱུར་བའི་འོས་བསྡུའི་སྒྲིག་གཞི་ལ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབ་གནང་བའི་སྒྲིག་གཞི་ཁག་ལ་དོ་སྣང་དང་དངོས་སུ་ཕྱག་ལེན་དོན་འཁྱོལ་གནང་དགོས་པ་བོད་མི་ཚང་མའི་ལས་འགན་ཡིན།

རང་རེ་བཙན་བྱོལ་གནས་བབ་ནང་མང་གཙོའི་ཁེ་དབང་ལ་སྤྱོད་བཞིན་པ་འདི་ལྟར་ཡང་། རང་ཡུལ་བོད་ནང་དེ་ལས་ལྡོག་ཏེ་རང་གི་ལུང་པའི་ནང་རང་ཉིད་གྲངས་ཉུང་མི་རིགས་ཞིག་ཏུ་གྱུར་ཟིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་བོད་གསར་བརྗེའི་རིང་ལུགས་ནང་འཁྲིད་དེ་གནམ་ས་འགྱུར་བཟློག་ཕྱིན་ལུགས་འབོད་སྒྲ་མི་ལོ་ ༥༠ མ་ཟིན་ཙམ་རིང་བསྒྲགས་བཞིན་པའི་རྫུན་གཏམ་དེ་འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བརྡོལ་ཏེ་རྒྱལ་སྤྱིའི་ནང་རྒྱ་ཁྱབ་ཏུ་གསལ་རྗེན་བརྒྱུད་བསྒྲགས་བྱུང་བ་ལས་ལྷག་བསྐྱར་ཟློས་དམིགས་བསལ་ཞུ་དགོས་མ་མཐོང་བ་ཚང་མས་མཁྱེན་གསལ་དེ་ལྟར་དང་། ཉེ་ཆར་འཛམ་གླིང་རྩེད་འགྲན་སྐབས་བཙན་བྱོལ་བོད་གཞུང་ནས་༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་དང་བསྟུན་རྒྱ་ནག་གི་གོ་སྒྲིག་མགྲོན་གཉེར་ལ་རྒྱབ་སྐྱོར་གནང་ཡོད་ཅིང་། འོན་ཀྱང་ཧ་ཅང་བློ་ཕམ་པ་ཞིག་ལ་བོད་རིགས་ཡིན་པ་ཙམ་གྱིས་རྒྱལ་ས་པེ་ཅིང་དུ་ཡོང་རྒྱུ་བཀག་པ་དང་། པེ་ཅིང་ནང་བོད་རིགས་སློབ་ཕྲུག་དང།གཞན་བོད་རིགས་ཡིན་ནོ་ཅོག་གཅིག་ཀྱང་མ་ལུས་པ་རང་སར་ཕྱིར་ལོག་བྱེད་བཅུག་པ་མ་ཟད། མཐའ་ན་རྩེད་འགྲན་དབུ་འབྱེད་མཛད་སྒོར་འཁྲབ་སྟོན་པ་བོད་རིགས་གསོ་སྐྱོང་བྱས་པ་རྣམས་ལའང་བོད་པ་ཡིན་པའི་ཆ་ནས་བློ་དོགས་ཀྱིས་ཁྲབ་སྟོན་གྲུབ་རྗེས་ལམ་འཕྲལ་བོད་དུ་ཕྱིར་སློག་བྱས་པ་སོགས་ནི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་དམར་གསོད་བཏང་བའི་སྲིད་བྱུས་ཞིག་ཡིན་པའི་མ་ཚད་ཁ་བྲལ་བ་དངོས་སུ་སུ་ཡིན་པ་གསལ་པོར་བསྟན་པའི་དཔང་རྟགས་ཞིག་ཀྱང་ཡིན།

སྐབས་བབས་གནད་དོན་ཞིག་ཞུ་རྒྱུར། བོད་ནང་གཞིས་ལུས་སྤན་ཟླ་རྣམས་ནས་རང་གི་རྒྱལ་ཁབ་དང་། མི་རིགས། བསྟན་པ་དང་ཆབ་སྲིད་ཀྱི་ཆེད་དུ་རྒྱལ་གཅེས་ལྷག་བསམ་དང་། དཔའ་འཛངས་སྙིང་སྟོབས་ལྡན་པའི་མཛད་ཁུར་བཞེས་བཞིན་པ་དེ་ལྟར་ཡང།། བཙན་བྱོལ་ནང་ཕྱི་རྒྱལ་དུ་འགྲོ་རྒྱུའི་གོ་སྐབས་ལས་གལ་འགངས་ཆེ་བ་མེད་པ་ལྟ་བུས་རང་རང་གི་སྤ་མདོགས་གསལ་རྗེན་དུ་སྟོན་བཞིན་པ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་དང་། གཞིས་ལུས་སྤན་ཟླ་རྣམས་ལའང་ཐུགས་ཕམ་ཡོང་གཞིར་འགྲོ་རྒྱུར་གདོན་མི་ཟ་བར་བརྟེན་ཉེ་ལམ་འདི་སྐོར་དཔལ་ལྡན་རང་གཞུང་བཀའ་ཤག་མཆོག་ནས་མང་ཚོགས་ལ་ལམ་སྟོན་གསལ་བསྒྲགས་ཞིག་སྤེལ་གནང་ཡོད་པར་ཚང་མས་ཐུགས་སྣང་དམ་ཟབ་ཀྱིས་ཕྱག་ལེན་བསྟར་གལ་ཤིན་ཏུ་ཆེ་བའི་འབོད་བསྐུལ་ཞུ་ཡིན།

བོད་རྒྱ་འབྲེལ་མོལ་ཐད། འདི་ལོའི་འཁྲུངས་སྐར་དུས་ཆེན་ཐོག་སྤྱི་འཐུས་ལྷན་ཁང་གི་གསུང་བཤད་ནང་། འདི་ལོ་གསུམ་བཅུའི་དུས་དྲན་སྐབས་བོད་ས་ཡོངས་ཁྱབ་ཏུ་བོད་མིས་བོད་ཀྱི་བདེན་མཐའ་སེལ་སླད་ཞི་རྒོལ་ཡོ་ལངས་བྱུང་བའི་གནས་ལུགས་ཞིབ་ཕྲ་བཀོད་ཡོད་པ་ནས་མཁྱེན་རྒྱུར། དོན་སྙིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་ཡོད་དཔོན་རིགས་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཉིས་སྨན་དགོངས་གཞིར་ངེས་པ་དོན་བརྙེད་ཀྱིས་སྲུང་བརྩི་ཡོང་རྒྱུར་ད་བར་གྱི་འབྲེལ་མོལ་ཁག་ལ་གྲུབ་འབྲས་མ་བྱུང་བར་བརྟེན་རེ་བ་མ་མཐོང་ཞིང་། འབྲེལ་མོལ་ཐེངས་བརྒྱད་པའི་ཐད་ཀྱང་འདས་པའི་རྒྱ་གཞུང་གི་ཕྱི་བསྒྲགས་སྲིད་བྱུས་སུ་བོད་ཀྱི་གནད་དོན་སྔར་ནས་ཐག་ཆོད་ཟིན་པར་སླར་གླེང་སློང་མི་དགོས་ཚུལ་དང་། ༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཐག་གཅོད་སྐོར་ཞི་མོལ་གནང་གི་ཡོད་ཚུལ་ལ་གཞིགས་ཚེ་དངོས་དོན་བདེན་འཚོལ་བྱ་ཐབས་ཀྱི་འདུན་པ་མེད་པའི་རྣམ་འགྱུར་གསལ་པོ་ཡིན་པར་མངོན། བོད་རྒྱ་འབྲེལ་མོལ་སྐོར་ད་རེས་གྲོས་ཚོགས་ཚོགས་ཐེངས་དྲུག་པ་སྐབས་བཀའ་བསྡུར་ཞིབ་རྒྱས་གནང་རྒྱུའི་ལས་རིམ་བཀོད་ཡོད།

ཡང་བོད་ནང་རྒྱ་ནག་གཞུང་ནས་འདི་ལོ་གསུམ་བཅུའི་དོན་རྐྱེན་ལ་བརྙད་དེ་མངོན་མེད་བོད་མི་མང་དག་ཞིག་ད་ལྟའང་སྡུག་རྩབ་དྲག་པོས་བཙོན་བཅུག་མནར་གཅོད་བཏང་དང་གཏོང་བཞིན་པ་སོགས་གཞིས་ལུས་སྤན་ཟླའི་ཐོག་དྲག་གནོན་མཐའ་དག་ལམ་འཕྲལ་མཚམས་འཇོག་ཡོང་སླད་བཙན་བྱོལ་བོད་རིགས་ཡོངས་ནས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་བོད་དོན་ལས་འཆར་ཁག་ནང་ད་བར་མཉམ་ཞུགས་དང་མཐུན་འགྱུར་གང་ལེགས་གནང་སོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་མར་ཡང་མུ་མཐུད་ཧུར་སྐྱེད་གནང་གལ།

མཐའ་དོན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ནང་པའི་བཙུགས་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བོད་དང་བོད་མི་ཙམ་དུ་མ་ཟད། འགྲོ་དྲུག་གི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་མང་གཙོའི་ལམ་བཟང་སྲ་བརྟན་གོང་འཕེལ་ཐོག བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་གདུང་ཤུགས་དྲག་པོས་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ༢༠༠༨ ཟླ་ ༩ ཚེས་ ༢ ལ།།

Share with your friends










Submit