ཟླ་བ་ ༦ ཚེས ༢༥ ༢༠༡༠

༄༅། །༸གོང་ས་མཆོག་སྐུ་ན་ཤིན་ཏུ་ཕྲ་བ་དགུང་གྲངས་བཅུ་དྲུག་ནས་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཆོས་སྲིད་ཀྱི་ཐུགས་འགན་ཆ་ཚང་བཞེས་ཏེ་མ་འོངས་པར་བོད་འདི་དེང་དུས་དང་མཐུན་པའི་མང་གཙོ་ཚད་ལྡན་གྱི་ལམ་སྲོལ་དུ་བསྒྱུར་བཀོད་གནང་བཞེད་ཀྱིས་འགོ་འཛུགས་བསྐྱངས་ཏེ་བུ་ལོན་ཆག་ཡང་དང་། སྒེར་གཞིས་དང་རྫོང་གཞིས་ཁག་ལ་ལེགས་བཅོས་གནང་བ་དང་། དེ་མཚུངས་རྒྱ་དམར་སྲིད་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཟིན་ཀྱང་། རྒྱ་དམར་ཕྱོགས་ནས་བོད་མིའི་ཐོག་དྲག་གནོན་མི་འབྱུང་བ་དང་། བོད་ཀྱི་ཁེ་ཕན་ལ་དོ་ཕོག་ཚབས་ཆེ་མི་ཡོང་ཆེད་རྒྱ་ནག་དཔོན་རིགས་ཚོ་དང་མཉམ་དུ་ཞི་འཇམ་ཐབས་མཁས་ཀྱི་མཛད་བྱུས་མི་ལོ་ ༩ རིང་མེར་ཚིགས་མེར་གཏུགས་ཀྱིས་མཛད་ཡོད། བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་མདུན་ལམ་ལ་དགོངས་པ་བཞེད་དེ་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད་འཕྲལ་མང་ཚོགས་ནས་རེ་འདུན་ཞུ་སྐུལ་ཞུ་མཁན་མེད་པར་གང་ཉིད་ཀྱི་ཐོག་མའི་དགོངས་གཞི་ལྟར་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཆོས་སྲིད་གཉིས་ལྡན་གྱི་མང་གཙོར་བསྒྱུར་བཀོད་མཛད་དེ་བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་རང་དབང་གི་ཐོབ་ཐང་གསོལ་རས་གནང་བ་དང་། དེ་བཞིན་འཚོ་རྟེན་གཞིས་ཆགས་། ཤེས་ཡོན། འཕྲོད་བསྟེན། རང་རེའི་རྩ་ཆེའི་ཆོས་དང་རིག་གཞུང་སློབ་གཉེར་སོགས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྱོར་གནང་མཛད་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་སྲིད་མཛད་འཕྲིན་དུས་རྟག་ཏུ་ཡར་ངོའི་ཟླ་ལྟར་རྒྱས་བཞིན་པར་རྒྱ་རིགས་མང་གཙོ་དོན་གཉེར་ཅན་དང་། མཁས་དབང་ཁག འཛམ་གླིང་ཡུལ་ཁག་དུ་མའི་དབུ་འཁྲིད་གནད་ཆེ་མང་པོས་དགའ་དད་སྤྲོ་གསུམ་ངང་བསྔགས་བརྗོད་ཀྱི་མེ་ཏོག་རྒྱུན་མར་འཐོར་བཞིན་ནི་ད་ཆ་འཛམ་གླིང་ནང་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཆགས་ཡོད། བོད་དོན་བདེན་མཐའ་མགྱོགས་མྱུར་གསལ་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཚེ་མེད་ཞི་བའི་ཐབས་ལམ་གཞི་རྩར་འཛིན་པའི་རྒྱ་བོད་གཉིས་སྨན་དབུ་མའི་ལམ་ཆེན་བརྒྱུད་བོད་མི་རིགས་ལ་མིང་དོན་མཚུངས་པའི་རང་སྐྱོང་གནས་བབ་སྲ་བརྟན་ཡོང་སླད་དུས་རྟག་ཏུ་སྐུ་ངལ་འཛེམས་མེད་འཛམ་གླིང་ཡུལ་གྲུ་གང་སར་ཆིབས་བསྒྱུར་༸ཞབས་སོར་འཁོད་དེ་བོད་དོན་བདེན་བདེན་པའི་རྒྱབ་གནོན་གདུང་སེམས་མཉམ་བསྐྱེད་ཡོང་ཐབས་འབོད་སྐུལ་རྒྱུན་མར་མཛད་པའི་གྲུབ་འབྲས་སུ་ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་དང་། ལྷག་པར་ཨ་རིས་གཙོས་འཛམ་གླིང་ཡུལ་ལུང་གནད་ཆེ་མང་པོའི་ནང་བོད་དོན་བདེན་པའི་ལས་འགུལ་གཟེངས་ཐོན་ཡོང་དང་ཡོང་བཞིན་པའི་དངོས་ཡོད་གནས་སྟངས་ནི་ས་རིས་ཐང་གསལ་གཟུར་གནས་སྐྱེ་བོ་ཡོངས་ནས་གཟིགས་ཚོར་ཐུབ་པ་ལྟར་རེད། ལྷག་པར་ཉེ་དུས་༸གོང་ས་མཆོག་ཨ་རི་ཁུལ་ཆིབས་སྒྱུར་༸ཞབས་སོར་འཁོད་སྐབས་ཨ་རིའི་སྲིད་འཛིན་གསར་པ་ (George W.Bush) མཆོག་དང་སྲིད་འཛིན་སྐུ་གཞོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་ལ་སོགས་པ་ཤིན་ཏུ་གནད་ཆེའི་དབུ་ཁྲིད་ཁག་མཇལ་མོལ་གནང་བ་མ་ཟད། ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་བོད་དོན་བདེན་པའི་གནས་ཚུལ་དེ་བཞིན་ཨ་རིའི་ཕྱི་སྲིད་དང་འབྲེལ་བའི་གནད་དོན་ཧ་ཅང་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་བའི་ར་སྤྲོད་དུ། ཨ་རིའི་གཞུང་གི་དབུ་འཁྲིད་མཚན་གནས་དང་མཁྱེན་མྱོང་སོགས་གང་གི་ཆ་ནས་ཚང་མར་ཆ་འཇོག་བརྩི་བཀུར་ཞུ་ཡུལ་ལྕམ་སྐུ་ (Paula Dobriansky) མཆོག་ཨ་རིའི་གཞུང་གི་བོད་དོན་འབྲེལ་མཐུད་དམིགས་བསལ་སྐུ་ཚབ་ཏུ་བསྐོ་གཞག་གནང་བ་དེ་ནི་རང་ཕྱོགས་སུ་བདེན་པའི་རྒྱལ་ཁ་ཆེན་པོ་ཞིག་ངེས་པར་ཆགས་ཀྱི་ཡོད།

བོད་ཀྱི་གནད་དོན་ནི་དུས་ཡུན་རིང་པོའི་རྒྱལ་རབས་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་དང་། རིག་གཞུང་ཞིག་གི་གནད་དོན་ཡིན་སྟབས་རང་བཞིན་འདི་མུར་གནས་ཐབས་མེད་པས་ངེས་པར་དུ་འགྱུར་བ་འགྲོ་ངེས་ཡིན། དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་གཞུང་ནས་ད་ཕན་འབད་བརྩོན་གནང་དང་གནང་བཞིན་པའི་དབུ་མའི་ལམ་ཆེན་ལ་བརྟེན་ནས་བོད་རྒྱ་ཕྱོགས་གཉིས་དབར་ཞི་བའི་གྲོས་མོལ་གནང་སྟེ་བོད་ཀྱི་དཀའ་རྙོག་འདི་གཉིས་མོས་དང་ཞི་བའི་ལམ་ནས་སེལ་ཐབས་གནང་ཕྱོགས་ལ་འགྱུར་བ་མེད། རྒྱ་ནག་གཞུང་གི་ངོས་ནས་འཛམ་གླིང་སྤྱིའི་འཕེལ་ཕྱོགས་དང་། བོད་ཀྱི་དངོས་ཡོད་གནས་ཚུལ་ལ་བསམ་གཞིགས་ནན་ཏན་གྱིས་ད་ལྟ་འཛིན་བཞིན་པའི་མཁྲེགས་བཟུང་གི་ལངས་ཕྱོགས་དོར་ནས་གང་མགྱོགས་བརྡ་ལན་བཟང་པོ་ཞིག་གནང་རྒྱུར་ང་ཚོས་རེ་སྐུལ་མུ་མཐུད་བྱེད་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རྟག་ཏུ་ཡ་རབས་བཟང་སྤྱོད་ཉམས་ལེན་ལག་བསྟར་དགོས་སྐོར་བཀའ་སློབ་རིན་པོ་ཆེ་ཇི་ལྟར་བཀྲིན་ཆེ་བ་གཞིར་བཟུང་བོད་མི་རྒན་གཞོན་བར་གསུམ་ཡོངས་ནས་དངོས་དོན་ཉམས་ལེན་ཚུལ་བཞིན་ཞུ་དགོས་པའི་འབོད་སྐུལ་ཤུགས་ཆེ་གལ་ཆེ་ལ་ནན་ཏན་གྱི་དཔེ་ལྟར་སླར་ཡང་ནན་ཏན་ཆེན་པོས་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།།