ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །དེ་རིང་ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ནི་བོད་མི་རྣམས་ཀྱིས་རང་དབང་གི་དོན་དུ་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་རྒྱལ་ས་ལྷ་སར་གྱེན་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༤༧ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཡིན་པ་འདིའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་ལྗོངས་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་རང་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་འདུད་དང་། ད་ལྟའང་མནར་གཅོད་མྱོང་བཞིན་པའི་ཉེས་མེད་བོད་རིགས་ཡོངས་ལ་གདུང་སེམས་ཤུགས་དྲག་གིས་འཚམས་འདྲི་དང་ཐུགས་གསོ་ཞུ་རྒྱུ་ཡིན།

བཀའ་ཤག་སྐབས་བཅུ་གཉིས་པས་ལས་འགན་འཁུར་བའི་རིང་གི་གསུམ་བཅུའི་དུས་དྲན་སྐབས་སོ་སོའི་གཏམ་བཤད་ཀྱི་ནང་འདས་པའི་བྱུང་རིམ་གྱི་ལེགས་ཉེས་ཀྱི་གནས་ཚུལ་ཕྱོགས་བསྡོམས་བསྐྱར་ཞིབ་དང་། བོད་ཀྱི་རྩ་དོན་ཞི་མོལ་གྱི་ལམ་ནས་སྒྲུབ་ཐབས་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་མའི་ལམ་གྱི་མཛད་བྱུས་རྣམས་བཙན་བྱོལ་བོད་གཞུང་གིས་ལག་བསྟར་བྱེད་ཕྱོགས་ཀྱི་སྲིད་བྱུས་ཇི་ཡིན། བོད་མིའི་སྟོབས་ཤུགས་གོང་འཕེལ་གཏོང་ཕྱོགས། བར་ལམ་བོད་རྒྱའི་འབྲེལ་ལམ་བསྐྱར་གསོའི་བྱུང་རིམ་དང་། ཞི་མོལ་ལམ་ལྷོང་ཆེད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་ཁོར་ཡུག་སྐྲུན་ཕྱོགས། དེ་འབྲེལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་གཙོ་བོར་དམིགས་ཏེ་དབུ་མའི་ལམ་གྱི་འགྲེལ་བརྗོད། དེ་བཞིན་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་རྒྱ་ནག་ཏུ་ཕེབས་ཐེངས་སྔ་རྗེས་ཀྱི་བྱུང་རིམ་དང་འབྲེལ་བའི་གསལ་བཤད་དགོས་ངེས་ཁག་དང་། བོད་མིའི་མངོན་འདོད་ཀྱི་འགྲེལ་བརྗོད་བཅས་ཞུས་པ་ཡིན།

ད་རེས་ཀྱི་གཏམ་བཤད་འདི་ནི་ད་ལྟའི་བཀའ་ཤག་གི་ལས་ཡུན་རིང་གི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་མཐའ་མ་དེ་ཡིན་པས་ལོ་སྔོན་མ་རྣམས་སུ་ཞུས་ཟིན་པ་རྣམས་བསྐྱར་ཟློས་མ་དགོས་པར་གཞིས་བྱེས་བོད་མིའི་མདུན་ལམ་དང་འབྲེལ་བའི་བོད་རྒྱ་ཞི་མོལ་ལས་རིམ་གྱི་གནས་བབ་དང་། འབྱུང་འགྱུར་བྱེད་འཆར་གྱི་སྐོར་སྡོམ་ཚིག་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་འོག་གཞིས་བྱེས་བོད་རིགས་མང་ཚོགས་ཀྱི་མངོན་འདོད་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་གཙོའི་ལམ་སྲོལ་བརྒྱུད་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ལས་དོན་ཐོག་ཐབས་ཤེས་འབད་རྩོལ་མུ་མཐུད་ཞུས་པའི་བརྒྱུད་རིམ་གྱི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པ་དང་འབྲེལ་ཡོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པའི་དབར་འབྲེལ་མོལ་གཏིང་ཟབ་ཐེངས་ལྔ་བྱུང་ཟིན་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་གི་གནས་ཆེན་ཁག་ཏུ་གནས་གཟིགས་ཆེད་ཆིབས་སྒྱུར་བསྐྱང་བཞེད་ཡོད་པ་ཡང་བསྐྱར་བརྗོད་གནང་ཟིན་པ་བཅས་ལ་བརྟེན། ད་ཆ་བོད་རྒྱའི་འབྲེལ་ལམ་དང་ཞི་མོལ་གྱི་ལས་རིམ་ཐོག་སྔར་ལྷག་ཤུགས་ནུས་བསྐྱེད་དགོས་པའི་དུས་སྐབས་ཤིག་ཏུ་སླེབས་པར་ངོས་འཛིན་བྱེད་ཀྱི་ཡོད། ཉེ་ཆར་ ༢༠༠༦ ཟླ་ ༢ ཚེས་ ༡༥ ནས་ ༢༣ བར་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་རྒྱ་ནག་ཏུ་ཕེབས་ཐེངས་བཞི་པ་དང་། འབྲེལ་མོལ་ཐེངས་ལྔ་པ་གནང་སྟེ་ཕྱིར་ཕེབས་ཟིན་པ་དང་། ད་ལན་གྱི་འབྲེལ་མོལ་འདི་ཕྱོགས་གཉིས་དབར་གྱི་ལྟ་ཚུལ་དང་བསམ་ཚུལ་མི་མཐུན་པ་རྣམས་ཀྱི་གནས་ཚུལ་དང་རྒྱབ་ལྗོངས་ཀྱི་རྒྱུ་མཚན། འགལ་བ་དེ་དག་སེལ་ཐབས་ཀྱི་ཐབས་ལམ་གང་དགོས་སོགས་སྔར་ལྷག་གསལ་རྟོགས་ཐུབ་པ་བྱུང་འདུག རྩ་དོན་སྐུ་གཤེགས་སྐུ་ཞབས་དིང་ཞའོ་ཕིང་གིས་རང་བཙན་མ་རྩོད་ན་གནས་ཚུལ་གཞན་པ་ཡོངས་རྫོགས་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་འཐུས་ཞེས་གསུངས་པའི་སྡོམ་ཚིག་གཞིར་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོས་རང་བཙན་གྱི་རྩོད་གླེང་གནང་རྒྱུ་མིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་དང་། ཕྱག་བསྟར་གནང་དང་གནང་བཞིན་པ་ཡིན་སྟབས་བོད་རྒྱའི་དབར་གཞི་རིམ་གྱི་འགལ་ཟླ་སེལ་ཟིན་པ་དང་། ད་ཡོད་ཀྱི་བསམ་ཚུལ་དང་ལྟ་ཚུལ་མི་མཐུན་པ་རྣམས་ནི་གཞི་རྩའི་གནད་དོན་མ་ཡིན་པར་ལས་དོན་ལག་བསྟར་བྱེད་ཕྱོགས་ཀྱི་ཞིབ་ཕྲའི་གནས་ཚུལ་སྐོར་ཡིན་པར་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ད་དུང་རྩ་དོན་དང་། བྱེད་ཕྱོགས་གཉིས་ཀའི་ཐོག་གཞི་རིམ་གྱི་འགལ་ཟླ་ཡོད་པར་གཟིགས་ཀྱི་ཡོད་ན་དེ་ནི་དངོས་དོན་དང་མི་མཐུན་པ་ཡིན་པས་ངེས་པར་བསྐྱར་ཞིབ་གནང་དགོས་པ་ཞིག་རེད།

དབུ་མའི་ལམ་གྱི་སྲིད་བྱུས་ནི་གུ་ཡངས་དཀྱེལ་ཆེ་ཕན་ཚུན་གཉིས་སྨན་ཞིག་ཡིན་པ་མ་ཟད། ཡུལ་དུས་གནས་སྐབས་དང་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་གྲོས་བསྡུར་དང་གུ་གཤངས་བྱ་རྒྱུ་ཡོད་པ་ཞིག་ཡིན་པ་དང་། དེའི་ལྟ་གྲུབ་ཀྱི་དོན་སྙིང་གཙོ་བཟུང་བྱ་དགོས་མ་གཏོགས་ཡིག་ཆ་ཁག་གི་འཕྲོས་དོན་དང་རྒྱབ་ལྗོངས་ཀྱི་བརྗོད་ཚིག་རེ་ཟུང་ལ་གཙིགས་ཆེར་བྱེད་དེ་ཕྱོགས་སུ་ཞིག་གིས་མཁྲེགས་བཟུང་བྱེད་རུང་དེ་ནི་དོན་མེད་ཀྱི་ཁག་དཀྲི་བྱ་ཡུལ་འཚོལ་བའམ། རྩ་བ་བོར་ཏེ་ཡལ་ག་འཛིན་པའི་ངང་ཚུལ་ལས་མ་འདས་པའི་སྐོར་སྔ་ལོའི་གཏམ་བཤད་དུ་ཞིབ་བརྗོད་ཟིན་པ་སླར་ཡང་ནན་བརྗོད་བྱེད་རྒྱུ་ཡིན། མདོ་དོན་བོད་ཆོལ་ཁ་གསུམ་མམ། བོད་རིགས་རྩམ་ཟན་ཡོངས་ལ་རང་སྲིད་རང་སྐྱོང་གི་གནས་བབས་མིང་དོན་མཚུངས་པ་ཞིག་དགོས་པ་ནི་འདོར་དུ་མེད་པའི་རྩ་དོན་ཡིན་པ་སྔ་བར་ཕྱི་གསུམ་དུ་གསལ་བརྗོད་ཟིན་ཅིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པས་ཀྱང་གསལ་པོར་མཁྱེན་ཆོད་བྱུང་ཟིན་པ་ཞིག་ཡིན་གཤིས། འབྲེལ་མེད་རེ་ཟུང་གིས་རང་དོན་ཕུགས་བཅུག་གིས་འཁྱོགས་བཤད་བྱེད་མཁན་ཡང་ཡོང་འདུག་པ་དེ་ཚོར་བོད་རྒྱ་གཉིས་ཕྱོགས་ནས་དབུ་མ་འཁོར་བ་གནང་གལ་ཆེ། མརྐསེ་ལེ་ནིང་རིང་ལུགས་སུ་མི་རིགས་ཀྱི་གནད་དོན་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་བརྟན་ལྷིངས་ཀྱི་གཞི་རྩ་ཡིན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལའང་གལ་གནད་ཆེ་བའི་རྩ་དོན་ཞིག་ཡིན་པར་ངོས་འཛིན་གྱིས་མི་རིགས་གཉའ་གནོན་གྱི་བཙན་རྒྱལ་གྱི་ལམ་སྲོལ་ངན་པ་འགོག་པའི་སླད། མི་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་གཙང་སེལ་བྱེད་པའི་སྒོ་ནས་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་བསྒྲིལ་རིང་ལུགས་ཀྱི་ལྟ་གྲུབ་གསར་པ་ཞིག་གཏོད་པ་དང་། ལྟ་གྲུབ་དེ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་གྲངས་ཉུང་མི་རིགས་ཚང་མར་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་སྤྲོད་རྒྱུའི་ཆ་རྐྱེན་བསྐྲུན་ཡོད། དེའི་དགོས་དམིགས་ཀྱང་གྲངས་ཉུང་མི་རིགས་སོ་སོའི་སྐད་ཡིག་དང་། རིག་གཞུང་གིས་མཚོན་པའི་ཐུན་མིན་ཁྱད་ཆོས་རྣམས་སྲུང་སྐྱོབ་ཐུབ་ཐབས་ཁོ་ན་ཡིན། བོད་མི་རིགས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་གི་མི་རིགས་གཅིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༥༡ གོང་བོད་རིགས་ཡོངས་རྫོགས་བོད་ཀྱི་ས་ཁུལ་ཁག་ཏུ་ཉུང་ཉུང་མཉམ་བསྡད་ཡོད་པ་ཞིག་ཡིན་སྟབས་ད་ཆ་ཁ་ཐོར་དུ་ཕྱིན་པའམ། གྲངས་མང་མི་རིགས་གཞན་དང་མཉམ་དུ་རང་ཉིད་རང་གི་ས་གནས་སུ་ཆེས་གྲངས་ ཉུང་མི་རིགས་སུ་གྱུར་པ་ཡིན་ན་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་སྲུང་སྐྱོབ་མི་ཐུབ་པ་མ་ཟད། མི་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་གཙང་སེལ་ཐུབ་ཐབས་མེད། དེ་འདྲའི་གནས་ཚུལ་འོག་ཕྱིན་པ་ཡིན་ན་བཙན་རྒྱལ་རིང་ལུགས་པའི་ དུམ་བུར་བགོས་ནས་དབང་སྒྱུར་བྱེད་ཟེར་བའི་ལམ་སྲོལ་དང་གཅིག་མཚུངས་སུ་འགྱུར་རྒྱུ་ལས་མ་འདས། རྒྱུ་མཚན་འདི་དག་ལ་བརྟེན་ནས་བོད་རིགས་ཡོངས་སུ་རྫོགས་པ་གོང་བུ་ཆིག་བསྒྲིལ་གྱིས་དེ་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་དགོས་རྒྱུའི་རེ་འདུན་བཏོན་པ་དེ་ནི་མརྐསེ་ལེ་ནིང་རིང་ལུགས་ཀྱི་མི་རིགས་ཀྱི་ལྟ་གྲུབ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཆ་རྐྱེན་ཁག་དང་མཐུན་ཞིང་། འོས་ཤིང་འཚམས་པ་ཡིན་པ་མ་ཟད། མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་བསྒྲིལ་གྱི་དོན་དམ་གྱི་གཞི་རྩ་བརྟན་པོ་ཚུགས་ཐབས་ཤིག་ཡིན་པས་ཁ་བྲལ་འགོག་ཐབས་ཀྱང་དེ་ལྷག་མེད་པ་ཞིག་ཡིན། འདས་པའི་ལོ་བཞིའི་ནང་བོད་རྒྱའི་འབྲེལ་བ་རྒྱུན་གནས་ཐུབ་པ་དང་། འབྲེལ་མོལ་སྔ་རྗེས་ཀྱི་ལམ་ནས་ཕན་ཚུན་གནས་ཚུལ་མང་དག་གསལ་པོ་བཟོ་རྒྱུའི་གོ་སྐབས་བྱུང་བ། འགལ་ཟླ་ཡོད་པ་རྣམས་ཀྱང་རིམ་བཞིན་གསལ་རྟོགས་ཐུབ་པ་བྱུང་བ་དེ་དག་འབྲེལ་བ་དང་གོ་བསྡུར་བྱས་པའི་གྲུབ་འབྲས་ཤིག་ཡིན་པ་བརྗོད་མ་དགོས། ད་ཆ་ད་བར་ཕན་ཚུན་འབྲེལ་མོལ་གྱི་ལམ་ནས་བྱུང་བའི་གོ་རྟོགས་ཀྱི་རྨང་གཞིའི་ཐོག་༸གོང་ས་༸སྐྱབས་མགོན་པོ་མཆོག་གི་ཐུགས་འདུན་གཞིར་བཟུང་རིང་མིན་རྒྱ་ནག་ཏུ་གནས་གཟིགས་སུ་ཆིབས་སྒྱུར་གནང་ཐུབ་ཐབས་དང་། ད་ཡོད་འབྲེལ་ལམ་འདི་བཞིན་སྲ་བརྟན་དང་གོང་མཐོར་བཏང་བའི་སྒོ་ནས་བོད་རྒྱའི་དཀའ་རྙོག་གང་མྱུར་སེལ་ཐབས་ལ་ཕྱོགས་གཉིས་ཀ་ནས་སྔར་ལྷག་འབད་འབུངས་ངེས་པར་དུ་བྱེད་དགོས་པ་གནད་ཀྱི་དོན་པོ་ཡིན། དེའི་ཆེད་གཞིས་བྱེས་བོད་མི་ཡོངས་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་ཁོར་ཡུག་ལ་གནོད་སྐྱོན་མི་འགྲོ་བའི་འབད་རྩོལ་སྔར་ལྷག་གནང་དགོས་པའི་འབོད་སྐུལ་ཡང་ཡང་ཞུས་ཟིན་པ་དེ་དག་ད་རེས་སླར་ཡང་བསྐྱར་ནན་གྱིས་ཞུ་རྒྱུ་ཡིན། ཇི་སྲིད་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་བྱེད་པ་དེ་སྲིད་དུ་བོད་རྒྱ་ཕན་ཚུན་འབྲེལ་བའི་བརྒྱུད་གྲོས་མོལ་གྱི་ལམ་ནས་ཕུགས་དམིགས་སྒྲུབ་ཐབས་བྱེད་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པ་ཀུན་གྱིས་མཁྱེན་གསལ་དང་། འབྲེལ་བ་དང་གོ་བསྡུར་ནི་ཕན་ཚུན་དགྲར་འཛིན་དང་ཁ་གཏད་གདོང་ཐུག་གི་ལམ་ནས་ཡོང་ཐབས་མེད་པར་ཕྱོགས་གཉིས་མཐུན་འབྲེལ་དང་འཆམས་མཐུན་གྱི་ལམ་ནས་ཡོང་དགོས་པ་དངོས་པོའི་གཤིས་ལུགས་ཡིན་པ་ཚང་མས་ངོས་འཛིན་ཐུབ་པ་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱེད་རྒྱུ་ཡིན།

མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༡༠ ལ།།

Share with your friends










Submit