༢༠༡༠ ཕྱི་ཟླ་ ༦ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༨ ཉིན་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མར་ཨིན་ཊར་ཁོན་ཊི་ནེན་ཊལ་ཡོ་ཀོ་ཧ་མ་ཚོམས་ཆེན་ (Intercontinental Yokohama Grand Hotel) དུ་སྔ་དྲོའི་ཆུ་ཚོད་ ༩ ཐོག་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཀི་ནོ་སི་སུ་མཆོག་གི་གཙོས་གྲོས་ཚོགས་ཀྱི་འཐུས་མི་ཁག ༨ ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་དང་མཇལ་འཕྲད་གསུང་མོལ་སོགས་ཞུས་ཡོད། མགོན་པོ་གང་ཉིད་མཆོག་ཚོམས་ཆེན་ནང་༸ཞབས་སོར་མ་འཁོད་གོང་དཔལ་ལྡན་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་མཆོག་ནས་དེར་བཅར་བའི་ཉི་ཧོང་ནང་གི་བོད་རིགས་རྣམས་ལ་བོད་རྒྱ་འབྲེལ་བའི་སྐོར་ངོ་སྤྲོད་གནང་ཡོད། དེ་ཡང་ཁོང་ནས་རྒྱ་བོད་གཉིས་ཀྱི་དཀའ་ངལ་སེལ་རྒྱུར་རྒྱ་མི་རིགས་དང་འབྲེལ་བ་བྱས་ཏེ་ཁོང་རྣམས་ལ་བོད་ཀྱི་གནས་ཚུལ་ངོ་མ་དེ་དག་ཁྱབ་སྤེལ་ཐུབ་པ་བྱེད་དགོས། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་ཨོ་ལེམ་པིཀ་ཚུགས་ཉེ་སྐབས་འཛམ་གླིང་སྟེང་དཔལ་འབར་སྐོར་སྐྱོད་བྱེད་དུས་བོད་མི་རྣམས་ནས་ཞི་རྒོལ་བྱས་ཡོད་པར་བརྟེན། རྒྱ་རིགས་མང་པོ་ཞིག་ཁོང་ཁྲོ་ལང་དགོས་པའི་གནས་ཚུལ་ཆགས་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་གནད་དོན་དེ་དག་བརྒྱུད་རྒྱ་ནག་ནང་བོད་པའི་གནས་ཚུལ་ལ་དོ་སྣང་གསར་པ་བྱེད་རྒྱུ་ཞིག་ཆགས་ཡོད། ཅེས་དང་ཡང་ཁོང་ནས་གསུང་གསལ། རྒྱ་རིགས་མི་མང་དང་མཐུན་སྒྲིལ་བྱས་ཏེ་ཁོང་ཚོར་བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱེད་ཐུབ་པ་དགོས། བོད་ཀྱི་གནད་དོན་དེ་འབྲེལ་མོལ་གྱི་ལམ་ནས་སེལ་དགོས་པ་དང་དེ་ཡང་དབུ་མའི་ལམ་གྱི་དགོས་འདུན་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་ངོ་སྤྲོད་གནང་ཡོད།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཚོམས་ཆེན་ནང་༸ཞབས་སོར་འཁོད་དེ་དེར་བཅར་བའི་བོད་རིགས་དང་། ཉི་ཧོང་དང་བླངས་ཞབས་ཞུ་བ་བཅས་ཁྱོན་བསྡོམས་མི་གྲངས་ ༧༠ བརྒལ་བར་མཇལ་ཁ་དང་བཀའ་སློབ་ཕེབས་དོན། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ ༥༡ ཕྱིན་པ་རེད། བར་སྐབས་ཤིག་ནས་བོད་ནང་ནས་ཚུར་ཡོང་མཁན་མང་པོ་བྱུང་ཡོད། སྤྱིར་བཏང་ང་ཚོ་བོད་པ་ཨ་རི་དང་། ཡུ་རོབ། དེ་བཞིན་ཨོ་སི་ཊོ་ལི་ཡ། རྒྱ་གར་སོགས་ས་ཕྱོགས་གང་དུ་ཡོད་ཀྱང་སྤྱི་ཡོངས་ཆ་ནས་བོད་པ་ཞེས་རྫུན་མི་ཤོད་མཁན་དྲང་པོ་དང་སེམས་པ་བཟང་པོ་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག་པས་ཞེ་དྲག་ཡག་པོ་རེད། ཁ་སང་ཉི་ཧོང་གི་བུད་མེད་གཅིག་གིས་མོ་རང་བོད་ནང་ཕྱོགས་སྐྱོད་ཀྱི་རླངས་འཁོར་ནང་སྡོད་སྐབས་དུག་སྦྲང་ཞིག་བསླེབས་སོང་། ཁ་ལོ་བ་དེས་དུག་སྦྲང་མ་གསོད་ཟེར་གྱི་འདུག དེ་བཞིན་མགྲོན་ཁང་ནང་སྦྲང་མ་ཞིག་སླེབ་དུས་མགྲོན་ཁང་གི་མི་ཚོས་ཕྱར་གྲུ་མཉམ་འདེགས་བྱས་ཏེ་ཕྱིར་བཏོན་བྱས་སོང་ཞེས་ཤོད་ཀྱི་འདུག བོད་མི་རྣམས་སྲོག་གཅོད་མི་བྱེད་རྒྱུ་གལ་ཆེན་པོ་རྩི་མཁན་ཞིག་རེད་འདུག ཅེས་དེ་ལྟར་བརྗོད་ཀྱི་འདུག བོད་པའི་གཤིས་ཀ་དེ་ཆུང་བྱིས་པའི་སྐབས་ནས་སྲོག་གཅོད་རྒྱུ་མེད་པ་རེད། ཅེས་པའི་གོམས་གཤིས་ལ་འཇགས་ཡོད། དེ་དག་ནི་གཞན་གྱི་སྲོག་ལ་བརྩེ་བ་བྱེད་རྒྱུའི་བསླབ་བྱའི་ཐོག་ནས་ཡོང་བཞིན་ཡོད། ང་ཚོས་དུས་རྒྱུན་གཏན་ནས་སྨོན་ལམ་ག་དུས་བརྒྱབ་པ་ཡིན་ནའང་སེམས་ཅན་ཐམས་ཅད་ཅེས་ང་ཚོའི་ཁ་ནང་ཡོད། དེ་འདྲ་ཡིན་དུས་བོད་པའི་གོམས་གཤིས་ནང་ཡ་རབས་དང་སེམས་བཟང་པོ་བྱེད་རྒྱུ་ཞེས་པ་དེ་བོད་པའི་རིན་ཐང་རེད། ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ཀྱི་ཡོད་ཅེས་ཤོད་རྒྱུ་དེ་ནི་ང་ཚོར་གོམས་གཤིས་དང་། རིག་གཞུང་སངས་རྒྱས་ཀྱི་ཆོས་གཏིང་ཟབ་པོ་ཞིག་ཡོད་པས་རྒྱ་མིས་ང་ཚོར་སློབ་དགོས་རྒྱུ་མེད། ང་ཚོ་རང་ཉིད་ཀྱིས་རང་སྒོ་བཏོན་ཏེ་དུས་རབས་བདུན་པ་བརྒྱད་པའི་སྐབས་ནས་འགོ་བཙུགས་ཏེ་ང་ཚོར་སུ་ཞིག་ལ་ལྟོས་མི་དགོས་པའི་ཡིག་གེ་ཞིག་ཡོད། ཡི་གེ་དེའི་ནང་དེང་སྐབས་འཛམ་གླིང་འདིའི་སྟེང་སངས་རྒྱས་ཀྱི་ཆོས་ལ་འགྲེལ་བརྗོད་ཆ་ཚང་བ་ཞིག་དང་ཟབ་ཤོས་དེ་བོད་ཡིག་ནང་ཡོད་པ་གསལ་པོ་ཞེ་དྲག་རེད། དེ་འདྲ་ཡིན་དུས་སོ་སོ་རང་ཉིད་ཀྱི་མི་རིགས་ལ་དེ་ལྟ་བུ་གཞན་ལ་སྨོན་མི་དགོས་པ་ཞིག་ཡོད་པར་བརྟེན། ང་ཚོར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ཀྱི་འདུག ཅེས་ཤོད་རྒྱུའི་སྤོབས་པ་ཡོད་ལ་རྒྱུ་མཚན་ཡང་ཡོད། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ་དག་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་རྒྱུན་གནས་ཐུབ་པ་ཞིག་བྱུང་ན་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་ཡིན། དེང་སྐབས་རྒྱ་ནག་ནང་བཟང་སྤྱོད་དང་ཡ་རབས། དྲང་བདེན་ཞེས་པ་དེ་དག་ཕོངས་པའི་རྐྱེན་བྱས་ཏེ་ལྐོག་ཟ་རུལ་སུངས་ཧ་ཅང་མང་པོ་ཞིག་ཡོང་བཞིན་ཡོད། དེ་དག་མི་བསད་པས་ཕན་ཐོགས་གང་ཡང་མེད།
སྤྱི་ཚོགས་ནང་བྱམས་བརྩེ་དང་བདེན་པ་ཞེས་པ་དེ་དག་མེད་པའི་རྗེས་དཀའ་ངལ་དེ་འཕྲད་བཞིན་ཡོད། ད་ཆ་རྒྱ་ནག་ནང་ཡ་རབས་དང་བཟང་སྤྱོད་ཕོངས་ཏེ་དཀའ་ངལ་ནང་ལྷུང་ཡོད་པ་དེ་སླར་གསོ་ཡོང་རྒྱུ་བོད་པར་རེ་བ་རྒྱག་བཞིན་ཡོད། ཅེས་ངོས་ལ་རྒྱ་མི་དེ་འདྲ་ཐུག་སྐབས་ཁོང་རྣམས་ནས་ངུ་བཞིན་དེ་ལྟར་བརྗོད་ཀྱི་འདུག དེར་བརྟེན་ང་ཚོ་བོད་པའི་ངོས་ནས་ཆ་བཞག་ན་གཞན་གྱིས་འདི་ལྟ་བུའི་ཆེ་མཐོང་དང་བསྔགས་བརྗོད་བྱེད་སྐབས་རང་ཉིད་ནས་དེ་དག་རང་ཉིད་ཀྱི་གཅེས་ནོར་ཡིན་བསམ་པ་དྲན་ཏེ་བདག་པོ་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། མི་མགོ་བདེ་དྲན་འཕྲུལ་བྱེད་མཁན་ལ་དཔེ་བལྟས་ནས་འཕྲལ་སེལ་མགོ་བདེ་དྲན་འཕྲུལ་བྱེད་མཁན་དེ་དག་ལ་ཡིད་འཕྲོག་སྟེ་སོ་སོས་ཀྱང་མཉམ་དུ་འཁྲབ་ཀྱིན་བསྡད་ན་ཕུགས་ལ་རང་ཉིད་ལ་གྱོང་རག་རྒྱུ་ལས་ཕན་ཐོགས་རྩ་བ་ནས་མེད། དེར་བརྟེན་ང་ཚོ་བོད་རིགས་ས་གནས་གང་དང་གང་དུ་ཡོད་ཀྱང་སོ་སོའི་མི་རིགས་ཀྱི་སྐུ་ཚབ་ལྟ་བུ་བྱེད་བཞིན་ཡོད། བོད་པ་གཅིག་གི་སྡུག་པ་བྱས་ན་བོད་པ་ཡག་པོ་མི་འདུག་ཟེར་གྱི་རེད། བོད་པ་གཅིག་གིས་ཡག་པོ་བྱས་ན་བོད་པ་ཚོ་ཡག་པོ་འདུག་ཟེར་གྱི་རེད། དེ་འདྲ་སོང་ཙང་བོད་པ་མི་རེ་ངོ་རེས་བོད་མི་རིགས་དང་རིག་གཞུང་། བདེན་དོན་བཅས་ཀྱི་ཚབ་བྱེད་ཀྱི་ཡོད་པར་བརྟེན་ངེས་པར་དུ་དེ་དག་སེམས་ནང་བཅང་སྟེ་ཁྱེད་ཚོ་ས་གནས་གང་དུ་ཡོད་ཀྱང་ཧུར་བརྩོན་བྱེད་རྒྱུ་གལ་ཆེན་པོ་ཡིན། དེ་དང་ཆབས་གཅིག་ང་ཚོ་བོད་པ་དེང་དུས་ཤེས་ཡོན་གྱི་ཕོངས་ཡོད་སྟབས། དེང་དུས་ཀྱི་ཤེས་ཡོན་འཛམ་གླིང་སྤྱི་དང་མཐུན་པ་རྗེས་ཟིན་ཐུབ་པ་བྱེད་རྒྱུ་དེ་ང་ཚོའི་ལས་འགན་ཡིན། རྒྱ་མིས་ང་ཚོ་བོད་པར་མཐོང་ཆུང་ཁྱད་གསོད་བྱེད་རྒྱུའི་རྒྱུ་མཚན་གཅིག་ནི་ང་ཚོར་དེང་དུས་ཀྱི་ཤེས་ཡོན་མེད་པར་བརྟེན་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་ཡོད། དེ་དག་ང་ཚོས་རྗེས་ཟིན་ཐུབ་རྒྱུ་ཞིག་ཡིན་པ་ལས་མ་ཐུབ་པ་གང་ཡང་མ་རེད།
ང་ཚོ་བོད་མི་བཙན་བྱོལ་བ་ཆགས་ཏེ་དེང་དུས་ཤེས་ཡོན་གྱི་སློབ་སྦྱོང་བྱེད་རྒྱུ་དང་ལག་རྩལ་སྦྱོང་རྒྱུའི་གོ་སྐབས་རག་པ་ལྟར་ང་ཚོ་བོད་པས་སྤྱི་འགྲེ་སྤྱི་མཚུངས་བྱས་ཏེ་འགྲོ་ཐུབ་བཞིན་ཡོད། དེར་བརྟེན་ང་ཚོ་བོད་མི་རིགས་ཀྱི་བཟང་པོའི་གོམས་གཤིས་དེ་དག་མ་བརླག་པའི་ཐོག་ནས་དེང་དུས་ཤེས་ཡོན་གྱི་རྗེས་ཟིན་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། བོད་ནང་ཆ་བཞག་ན་དེང་སྐབས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ཧ་ལམ་མེད་པ་ལྟ་བུ་རེད། དེ་ཧ་ཅང་རྩ་ཆེན་པོ་ཡིན་པས་ང་ཚོ་རང་དབང་ལུང་པའི་ནང་དུ་ཡོད་མཁན་ཚོས་ཀྱང་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་མ་བྱས་པར། ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་བོད་གངས་ཅན་པ་ཞེས་སངས་རྒྱས་ཀྱི་ཆོས་གཅིག་གྱུར་བྱེད་མཁན་ཞིག བོན་པོར་ཆ་བཞག་ནའང་སྔ་མོ་བོད་ལ་ནང་ཆོས་མ་དར་གོང་དུ་བོན་གྱི་གནས་ཚུལ་ཁག་ཁག་རེད། ནང་ཆོས་དར་རྗེས་རིམ་པས་བོན་གྱི་མཁས་པ་མང་པོ་ཞིག་གིས་ནང་ཆོས་སྦྱང་སྟེ་མཁས་པ་ཆགས་ཡོད། བོན་གཞུང་ནང་དུ་ནང་ཆོས་ཀྱི་གཞུང་གི་ལྟ་གྲུབ་མང་པོ་ཞིག་བསླེབས་ཡོད། དེར་བརྟེན་དེང་གི་ཆར་བོན་དང་བན་སྡེ་ཞེས་དབྱེ་འབྱེད་དེ་ཙམ་བྱེད་རྒྱུ་མེད་པ་ལྟ་བུ་རེད། གང་ལྟར་ས་དགེ་བཀའ་རྙིང་བོན་དང་ཇོ་ནང་ང་ཚོ་ཚང་མས་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པས་ཚང་མས་སེམས་ནང་འཇོག་དགོས། དེ་མིན་རང་ཉིད་ལུང་པ་གང་དུ་ཡོད་ཀྱང་ལུང་པ་དེའི་ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ཞེས་བརྗོད་པ་ལྟར་ལུང་པ་དེའི་ཁྲིམས་མཐུན་གྱི་མི་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན། ང་ཚོ་བཙན་བྱོལ་བ་ཡིན་ཞེས་ཤེས་ཀྱི་མེད་པའི་ཁུལ་བྱས་ཏེ་གང་བྱུང་མ་བྱུང་བྱས་ན་རྩ་བ་ནས་ཡག་པོ་མ་རེད། དེར་གཟབ་གཟབ་བྱེད་དགོས། རྒྱུས་ཡོད་མཁན་ཚོར་སྐད་ཆ་དྲིས། དངོས་གནས་ལུང་པའི་ནང་བོད་པ་ཞེས་བརྗོད་སྐབས་ཁྲིམས་མཐུན་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན།
བོད་པ་སུ་འདྲ་ཞིག་ཡིན་ཡང་ལུས་ཀྱི་ཤ་ཁྲག་རུས་གསུམ་དེ་བོད་མི་ཆགས་ཡོད་སྟབས་མ་འཆི་བར་ཤ་ཁྲག་རུས་གསུམ་དེར་བརྗེ་པོ་རྒྱག་རྒྱུ་མེད་པར་སོང་བོད་པ་ཞེས་པའི་མིང་དེ་མ་འཆི་བར་སྡོད་ཀྱི་རེད། དེར་བརྟེན་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ཚང་མས་སྙིང་ལ་བཅང་སྟེ་མ་བརྗེད་པ་བྱེད་དགོས། ང་ཚོ་བོད་པ་ཞེས་བརྗོད་སྐབས་འཛམ་གླིང་འདིའི་སྟེང་ཧ་ལམ་དེ་རིང་ཁ་སང་སྤོབས་སེམས་སྐྱེ་དགོས་པ་འདུག བོད་ནང་དངངས་སྐྲག་དང་ཛ་དྲག་འོག་གནས་ཡོད་ཀྱང་འཛམ་གླིང་ཕྱིའི་མི་དང་རྒྱ་མི་རིགས་བློ་གཟུ་བོར་གནས་མཁན་ཚོ་བོད་ལ་ལྟ་སྐོར་དུ་བསྐྱོད་པས་རྗེས་སུ་བོད་མིའི་གཤིས་ཀ་ཡག་པོ་འདུག་ཅེས་བསྟོད་བསྔགས་བྱེད་མཁན་མང་པོ་འདུག དེ་འདྲ་ཡིན་དུས་བོད་པའི་རིན་ཐང་དེ་སོ་སོའི་རིག་གཞུང་དང་གོམས་གཤིས་ཆགས་ཡོད། དེ་ཚང་མས་ཤེས་པ་བྱས་ནས་བདག་པོ་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད་སེམས་ནང་འཇོག་དགོས། བར་སྐབས་རྒྱ་བོད་འབྲེལ་བའི་སྐོར་དེ་སྔོན་ལ་ཚེ་རྒྱམ་ནས་འགྲེལ་བརྗོད་བྱས་ན་ཞེས་ངོས་ཀྱིས་ད་གིན་བརྗོད་པ་ཡིན། ཁ་སང་ཁ་ཉིན་སོགས་ལ་ཚགས་པར་རྒྱག་མཁན་གང་ཙམ་ཞིག་དང་ཐུག་པ་ཡིན། གང་ལྟར་ང་ཚོ་བོད་པས་ཕྱི་གསལ་ནང་གསལ་བྱེད་ཀྱི་ཡོད། རྒྱབ་ལ་གཅིག་དང་མདུན་ལ་གཅིག་བཤད་པ་དེ་འདྲ་བྱེད་ཀྱི་མེད།དེ་འདྲ་ཡིན་དུས་སུ་ཐུག་ཀྱང་སྤོབས་སེམས་ཆེན་པོའི་ཐོག་ནས་སྐད་ཆ་ཤོད་ཐུབ་ཀྱི་འདུག རྒྱ་མི་ཁོ་རང་ཚོར་ཆ་བཞག་ན། ཁ་ནས་གཅིག་བཤད་རྒྱབ་ཏུ་མི་འདྲ་བ་གཅིག་བྱེད་ཀྱི་ཡོད་པར་སོང་། མི་སུ་ཐུག་ཀྱང་དཀའ་ལས་ཁག་པོ་དང་སྤམ་པོ་བྱས་ནས་བསྡད་ན་མ་གཏོགས་ཕྱི་གསལ་ནང་གསལ་བྱེད་སར་སླེབས་ན་ཁོང་ཚོ་རྫུན་རྐུབ་རྡོལ་གྱི་ཡོད། དེར་བརྟེན་ང་ཚོར་རྒྱ་མི་སུ་ཐུག་ཀྱང་སྤོབས་སེམས་ཆེན་པོའི་ཐོག་ནས་དྲང་བདེན་བྱས། ང་ཚོས་ང་རྒྱལ་དང་རྒྱ་མིར་མཐོང་ཆུང་བྱེད་ཀྱི་མེད། དྲང་པོ་དེ་དག་བརྗོད་སྐབས་བློ་གཟུ་བོར་གནས་པའི་རྒྱ་མི་སུ་ཡིན་ཡང་མཐོང་ཐུབ། དེ་ཡང་ཐོག་མར་སྐད་ཆ་ཤོད་སྐབས་ཕྲན་བུ་འཚེར་སྣང་ལྟ་བུ་ཞིག་ཡོད་ཀྱང་དྲི་བ་དྲིས་ལན་བྱས་ཏེ་སྐད་ཆ་ཤོད་སྐབས་རྗེས་སུ་ཚང་མ་གྲོགས་པོ་ཆགས་ཏེ་བདེན་པའི་གནས་ཚུལ་ཤེས་ཡོང་སྐབས་ཚང་མས་དགའ་པོ་བྱེད་ཀྱི་འདུག དེ་ང་ཚོའི་སྟོབས་ཤུགས་རེད། ང་ཚོའི་སྟོབས་ཤུགས་དེ་གདོང་དང་གདོང་ཐུག་སྟེ་སྐད་ཆ་བཤད་པའི་ཐོག་ནས་སྟོབས་ཤུགས་སྟོན་དགོས། ང་ཚོར་དྲག་དཔུང་ཐོག་ནས་སྟོབས་ཤུགས་ངོམ་རྒྱུ་རྩ་བ་ནས་མེད། ངོམ་རྒྱུ་ཡོད་ཀྱང་ནོར་འཁྲུལ་རེད། ང་ཚོར་བདེན་པའི་སྟོབས་དང་ནུས་པ་སྟོན་ཐུབ་རྒྱུ་ཞིག་ཡོད་པར་སོང་། རྒྱ་མི་མཉམ་དུ་ཐུག་ནས་སྐད་ཆ་ཤོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ད་ལྟ་བར་དུ་རྒྱ་རིགས་ཤེས་ཡོན་ཅན་ཕྱོགས་དང་མཚམས་གང་དུ་ཡོད་ཀྱང་ཐུག་གི་ཡོད། དེ་བཞིན་རྒྱ་མི་གཞུང་གི་མི་སྣ་ཡང་ཁོང་རང་ཚོའི་ངོས་ནས་གོ་སྐབས་སྤྲད་ན་ང་ཚོས་ག་དུས་ཡིན་ཡང་ཐུག་གི་ཡོད། དེ་དག་ང་ཚོས་སྤོབས་སེམས་ལྡན་པའི་ཐོག་ནས་བྱེད་ཐུབ་རྒྱུ་ཞིག་ཡིན།
ང་ཚོས་སྟོབས་ཤུགས་ངོམ་རྒྱུ་དེ་བདེན་པའི་སྟོབས་ཤུགས་ཡིན་པར་བརྟེན་མི་དང་ཐུག་ནས་སྐད་ཆ་ཤོད་རྒྱུ་དེ་གལ་ཆེན་པོ་རེད་འདུག བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་གྲུབ་བསྟུན་ཐེངས་འདིའི་ཉི་ཧོང་གི་གྲོང་ཁྱེར་ཆེ་ཁག་བཞིའི་ནང་གི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་དང་སྦྲགས་རྒྱ་གར་ལ་ཆིབས་ཞལ་བསྒྱུར།།