༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༡ རེས་གཟའ་པ་སངས།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༠ ནས་བདུན་ཕྲག་གཅིག་གི་རིང་ཉི་ཧོང་ན་ག་ནོ་ (Nagano City) གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཛེན་ཀོ་ཇི་ (Zenkoji) ཞེས་པ་དུས་རབས་བདུན་པའི་ནང་པའི་དགོན་པ་གྲགས་ཅན་ཞིག་ཡོད་པ་དེའི་དབུ་བླ་སོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་གྱི་གང་མྱུར་ཉི་ཧོང་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག དེ་ཡང་མཛད་འཕྲིན་གྱི་ཐོག་མར་དགོན་པ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོན་པའི་མཁན་པོ་གཉིས་ཡོད་པ་དང་ལྷན་མཇལ་འཕྲད་མཛད་རྒྱུ་དང་། དེ་རྗེས་༸གོང་ས་མཆོག་གིས་དམིགས་བསལ་དྲན་རྟེན་གྱི་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད། ནང་པ་སངས་རྒྱས་པའི་རྗེས་འཇུག་ནང་ཁུལ་གྱི་འབྲེལ་བ་དམ་ཟབ་གཏོང་ཆེད་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག དེ་བཞིན་༸གོང་ས་མཆོག་གིས་དགོན་པ་དེའི་ནང་།
དེང་དུས་འཛམ་གླིང་གི་ལམ་སྟོན་བཟང་པོའི་འོད་སྣང་། Guide to Positive Clear Light-Message for Today ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་ཞིག་ཀྱང་སྩལ་གནང་མཛད་རྒྱུ་ཡིན་པ་དང་སྐབས་དེར་མང་ཚོགས་ ༧༠༠༠ ཙམ་ཚོགས་བཅར་ཞུ་འཆར་ཡོད་པ་དགོན་པ་དེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག ཛེན་ཀོ་ཇི་དགོན་པས་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་རྒྱལ་ས་པེ་ཅིང་ནང་འཛམ་གླིང་ཨོ་ལེམ་པིཀ་རྩེད་འགྲན་ཆེན་མོའི་མཚོན་རྟགས་ལག་ཐོགས་སྒྲོན་མེེ་ས་ཁུལ་དེར་སྐོར་སྐྱོད་བྱེད་རྒྱུར་དང་ལེན་མ་ཞུས་པར་རྒྱལ་སྤྱིའི་ནང་མཚན་སྙན་གྱི་གྲགས་པ་ཐོབ་ཡོད། སྐབས་དེར་དགོན་པའི་འཛིན་སྐྱོང་འགན་འཛིན་མཆོག་གིས་གསར་འགོད་པ་ཚོར་གནད་དོན་དེའི་སྐོར་འགྲེལ་བརྗོད་གནང་དོན། ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གཅིག་པ་ཞིག་ཡིན་པའི་ཆ་ནས་བོད་ནང་རྒྱ་ནག་གཞུང་གིས་སྲིད་བྱུས་ལག་བསྟྟར་གང་བྱས་པ་དེར་སྣང་མེད་དུ་སྡོད་ཐུབ་ཐབས་མེད་ཅེས་འགྲེལ་བརྗོད་གནང་། གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སའི་ཧོ་ཇི་ (Saihoji) དགོན་པར་ཡང་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག དེར་མགོན་པོ་གང་ཉིད་མཆོག་གིས་དགེ་འདུན་པ་རྣམས་ལ་བཀའ་སློབ་དང་། འོད་དཔག་མེད་ཀྱི་སྐུ་བརྙན་གསར་བཞེངས་མཐོ་ཚད་ཕི་ཊི་ ༨ ཙམ་ཡོད་པ་དེར་རབ་གནས་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༢༦ ཉིན་ཉི་ཧོང་གི་རྒྱལ་ས་ཀྲོཀ་ཁྱོར་ཡོ་ཀོ་ཧ་མ་ (Pacifico Yokohama) འགྲེམས་སྟོན་ཚོགས་ཁང་དུ་རྟེན་འབྲེལ་བསྟོད་པ་དང་སེམས་བསྐྱེད་ཀྱི་བཀའ་ཆོས་སྩལ་རྒྱུ་ཡིན་འདུག ཉིན་རྒྱབ་མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་ལ་བདེ་སྐྱིད་ཀྱི་སྙིང་པོ་དང་། འཆམ་མཐུན་ངང་འཚོ་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། སྐབས་དེར་ཀོ་རི་ཡ་དང་། སོག་པོ། ཨུ་རུ་སུ། ཐེ་ན། དེ་བཞིན་རྒྱལ་ཁབ་གཞན་ཁག་གི་མི་སྣ་ཡང་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།།