ཟླ་བ་ ༦ ཚེས ༢༣ ༢༠༡༠

༄༅། །དེ་རིང་འདིར་བོད་ལྗོངས་རང་དབང་སྒེར་ལངས་ཐེངས་ ༤༩ པ་དུས་དྲན་སྲུང་བརྩིའི་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་བསྐྱངས་པའི་འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། གཞིས་བྱེས་བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་རླབས་ཆེན་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་མི་ཕྱེད་དད་པས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་ནས་འཁོན་རིགས་བསྟན་པའི་གཙུག་རྒྱན་༧དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་། སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ། གཞུང་ཞབས་ལས་ཟུར་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་དང་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པ། སྐུ་མགྲོན་རྣམ་པ། སློབ་ཕྲུག་རྣམ་པ། འདིར་འདུས་མང་ཚོགས་རྣམ་པ་བཅས་ལ་ཞུ་རྒྱུར།

ཚང་མའི་དགོངས་མངའ་ལྟར། ཕྱི་ལོ་ ༡༩༤༩ ལོར་རང་དབང་ཅན་གྱི་བོད་ཆོས་ལྡན་རྒྱལ་ཁབ་ཐོག་རྒྱ་དམར་གཞུང་ནས་དྲག་པོའི་བཙན་རྒོལ་བྱས་རྗེས་བོད་གཞུང་ནས་ཞི་བའི་ཐབས་ལམ་ཡོད་དགུ་རྩལ་སྤྲུགས་ཀྱི་ལམ་ནས་འགྲིག་འཇགས་ཡོང་ཐབས་གནང་ཡང་རྒྱ་ནག་ངོས་ནས་བྱ་སྟངས་ཇེ་ཞན་ཇེ་སྡུག་ཏུ་བཏང་སྟེ་མཐར་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་བསྟན་སྲིད་མི་རིགས་རང་དབང་དང་བཅས་པའི་སྲོག་རྩ་གཅིག་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱར་བསམ་སྱོར་ངན་བཤམས་ཉེན་འགན་བཟོད་བླག་བྲལ་བ་བྱུང་བར་བརྟེན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྣམས་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གི་དྲག་དཔུང་ལ་འཇིགས་ཞུམ་མེད་པར་ངོ་རྒོལ་སྐད་འབོད་ཀྱི་རང་དབང་སྒེར་ལངས་ལས་འགུལ་བྱེད་འགོ་སྤེལ་ཏེ་དེ་རིང་མི་ལོ་ ༤༩ འཁོར་བའི་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་རླབས་ཆེན་གཟི་བརྗིད་ཅན་གྱི་དུས་དྲན་སྲུང་བརྩི་ཞུ་གི་ཡོད། ལོ་ཡུན་དེའི་རིང་རང་ཡུལ་རང་དབང་གི་དོན་དུ་རང་གི་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་རྒྱལ་གཅེས་ལྷག་བསམ་སྙིང་སྟོབས་ཅན་གྱི་དཔའ་བོ་དཔའ་མོ་རྣམས་དང་། ད་ལྟ་ཉེས་མིང་སྣ་ཚོགས་ཁག་འདོགས་ཀྱིས་དོ་དམ་བཙོན་འཇུག་འོག་མི་སྤྱོད་ལས་འདས་པའི་གདུག་རྩབ་མི་བཟད་པ་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་དཔའ་འཛངས་མཛད་རྗེས་ལ་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཀྱིས་ལེགས་སོའི་བསྔགས་བརྗོད་དང་སྦྲགས་འདས་གསོན་དེ་རྣམས་ཀྱི་རིང་ནས་ཡིད་ལ་བརྣགས་པའི་འདོད་དོན་བོད་ལྗོངས་རང་དབང་གཙང་མའི་རྒྱལ་ཁ་མྱུར་དུ་ལོན་པ་དང་། འཕགས་མཆོག་འཇིག་རྟེན་མགོན་པོས་ཚེ་རབས་ཀུན་ཏུ་མཉེས་ཤིང་རྗེས་སུ་འཛིན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

འདས་པའི་ལོ་ངོ་བཞི་བཅུ་ཞེ་དགུ་རིང་གི་བྱུང་རབས་ལ་ཕྱི་མིག་བལྟས་ཚེ་རྒྱ་ནག་༧ླ་༧ློའི་དཔུང་ཚོགས་ཀྱིས་བོད་ཁམས་ཡོངས་རྫོགས་མ་བདག་བདག་བཟུང་ཧམ་བཟོས་བྱས་པའི་ཉེར་ལེན་ལ་བརྟེན་ནས་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱེས་སྡོད་ཡུན་གནས་བྱ་དགོས་བྱུང་ཐོག གཞིས་ལུས་བོད་མི་རྣམས་ལ་བཙན་གནོན་གདུག་རྩབ་དམྱལ་བ་མི་ཡུལ་དུ་མྱངས་དགོས་བྱུང་ཞིང་། དྲག་གནོན་གདུག་རྩབ་འོག་བོད་མི་གྲངས་ས་ཡ་གཅིག་ལྷག་དུས་མིན་འཆི་རྐྱེན་བྱུང་བ་དང་། བསྟན་པ་དེ་འཛིན་དང་བཅས་པར་དགྲ་བོའི་སྡང་ཟུག་འཁོན་འཛིན་བཅངས་ཏེ་བོད་མིའི་སྲོོག་ལས་གཅེས་པའི་ཤེས་ཡོན་གྱི་བསྟི་གནས་དགོན་སྡེ་གྲྭ་ཚང་དྲུག་སྟོང་བརྒལ་བའི་རྟེན་དང་བརྟེན་པར་བཅས་པ་རྨེག་མེད་རྩ་བརླག་ཏུ་བཏང་བ་མ་ཟད། སྐུ་གསུང་ཐུགས་རྟེན་བྱིན་ཆེན་རིན་ཐང་བྲལ་བ་རྣམས་རྒྱ་ནག་ཏུ་འོར་ཁྱེར་བྱས་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཚད་ལས་བརྒལ་བའི་བཤུ་གཞོག་བྱས་ཏེ་རྩ་ཆེའི་གཏེར་དངོས་རྣམས་དང་། གདོད་མའི་ནགས་ཚལ་རྣམས་མགོ་སྐྲ་བཞར་བ་ལྟར་རྩ་གཏོར་གྱིས་ཡུལ་གྱི་སྣོད་བཅུད་ལ་གནོད་འཚེ་བཏང་བ་སོགས་མདོར་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆོས་དང་ཆབ་སྲིད་ལ་ཕམ་ཉེས་གོད་ཆག་གི་དུས་སྐབས་མུན་ནག་ཐབས་རྡུག་ཤོས་ཅིག་ཡིན་པས་གནས་ཚུལ་ཇི་བྱུང་རྣམས་དེ་རིང་གོ་སྐབས་དང་བསྟུན་ཡིད་ལ་དྲན་སྟེ་རང་དབང་སླར་གསོའི་དམ་བཅའ་བརྟན་བཟུང་བྱ་དགོས་པ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་བཞེད་ནི། རྒྱ་བོད་ཕན་ཚུན་དབར་གོ་དོན་ལེགས་རྟོགས་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ཚུལ་ལྷུར་བཞེས་ཀྱིས་ཨ་རིར་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། སི་ཊ་སི་སྦག་་གསུང་བཤད་བསྩལ་བ་གཉིས་ཀྱི་སྙིང་དོན་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཡོང་ཐབས་ལ་གུ་ཡངས་དཀྱེལ་ཆེའི་དགོངས་གཞི་ཞིག་ཡིན་པ་ལྟར་དེ་དག་གི་རྒྱ་ལས་མ་བརྒལ་བར་འབྲེལ་གཏུགས་ཐབས་ཤེས་ལན་དགུ་ཆད་མཐུད་རིམ་ཅན་དུ་བསྟུན་མཁས་གནང་ཡོད་ཀྱང་། ད་ཕན་བོད་རྒྱའི་འབྲེལ་མཐུད་སྐུ་ཚབ་ཚོགས་ཚུང་དབར་འབྲེལ་མོལ་ཐེངས་དྲུག་གནང་ཐུབ་པ་ཙམ་ལས། རྒྱ་ཕྱོགས་ནས་རྩ་དོན་ཐོག་གོ་བ་ལོག་བསྒྲུབས་དྭོགས་ཟོན་གྱིས་ཡ་ཡོལ་དུས་འགྱངས་ཁོ་ནས་ཞི་མོལ་དངོས་གཞི་འགོ་འཛུགས་ཐུབ་མེད། དེའི་དབར་ནུབ་བརྒྱུད་ཐོན་སྤེལ་ཟེར་བའི་ལས་འཆར་ལ་བསྙད་དེ་རྒྱ་རིགས་ཁྱོན་ཆེ་བོད་ཀྱི་ས་ཁུལ་ཁག་ནང་གཏན་གཞིས་སྤོ་ཤུགས་ཟིན་ཁར། མཚོ་སྔོན་ནས་རྒྱལ་ས་ལྷ་ས་བར་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་ཤར་བསྐྱོད་བྱ་མུས་ཀྱིས་ཉིན་ལྟར་རྒྱ་མི་མང་དག་ཅིག་བོད་ནང་གཏན་སྡོད་བྱེད་བཞིན་པར་ལྷ་ས་གཅིག་པུར་མི་གྲངས་འབུམ་གསུམ་ལས་འབུམ་གཉིས་རྒྱ་རིགས་ཡིན་པར་བརྟེན་དཔེ་མཚོན་འདི་ཐོག་ནས་བོད་སྟོད་སྨད་ས་ཁུལ་ཡོངས་ཀྱི་གནས་སྟངས་མཚོན་ཐུབ་པས་མདོར་ན་བོད་ཡུལ་རྒྱ་ཡུལ་ལ་བསྒྱུར་བཞིན་པའི་ལས་འཆར་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་གཞིགས་ན་རྒྱ་གཞུང་ལ་བོད་ཀྱི་དཀའ་རྙོག་སེལ་རྒྱུར་ལྷག་བསམ་རྣམ་དག་གི་བསམ་འདུན་ཇི་ཡོད་སོམ་ཉིའི་རང་བཞིན་ཞིག་ཡིན་པ་གསལ་པོར་གྱུར་ཡོད། ད་ཆ་དུས་རབས་ཉེར་གཅིག་པ་གསར་པའི་ནང་འཛམ་གླིང་གི་རྩོད་རྙོག་གང་ཅི་ཕན་ཚུན་བསམ་ཤེས་གུ་ཡངས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ལ་ཡར་ཐོན་གྱི་ལྷག་བསམ་འབད་རྩོལ་བྱ་མུས་ལྟར་རྒྱ་ཕྱོགས་ནས་ཀྱང་༧ླད་རྙིང་མཁྲེགས་བཟུང་འདི་མུར་མ་གནས་པར་དུས་སྐབས་དང་བསྟུན་བློ་སྟོབས་འགན་ཁུར་ཆེ་ཙམ་བླངས་ཏེ་རིང་པོར་མ་སོང་བར་ཞི་མོལ་དངོས་གཞིར་འཇུག་ཐབས་གནངལེགས་ལས་ད་དུང་ཉིན་འགྱངས་ཞག་ཕུད་འདི་མུར་ལྷགས་ཚེ་འཛམ་གླིང་ནང་རྒྱ་ནག་གི་ཆེ་མཐོང་དང་། ཡུལ་གྱི་ལྷིང་འཇགས། རྒྱ་བོད་གནའ་འབྲེལ་གྱི་གནས་བབ་སོགས་ལ་གནོད་འཚེ་དོ་ཕོག་འབྱུང་ངེས་ཡིན།

ཕྱོགས་མཚུངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་མང་བཀུར་མངའ་གསོལ་གྱིས་ཕྱི་ལོ་ ༡༩༨༩ ལོའི་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཐོག ཉེ་བའི་ཆར་ཁེ་ན་ཌ་རྒྱལ་ཁབ་ཀྱི་ཡུལ་མིའི་གནས་བབ་མཚན་མཐོང་གཟེངས་བསྟོད་དང་། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་གསེར་གྱི་ཞི་བའི་གཟེངས་བསྟོད་བྱ་དགའ་མཐོ་ཤོས་གསེར་གྱི་རྟགས་མ་ཞེས་ཡོངས་སུ་གྲགས་པ་སོགས་རིམ་ཕུལ་གནང་བས་མཚོན་འཛམ་གླིང་ནང་མཚན་སྙན་མཛད་འཕྲིན་དབྱར་གྱི་ཆུ་གཏེར་ལྟར་ཇེ་རྒྱས་སུ་འགྲོ་བཞིན་པར་རྒྱ་ཕྱོགས་ནས་ཉི་ཤར་སྦར་མོས་འགེབ་ཐབས་སུ་༸གོང་ས་མཆོག་ལ་མེས་རྒྱལ་ཁ་བྲལ་པའི་ཉེས་མིང་འདོགས་ཏེ་བོད་ཆོལ་ཁ་གསུམ་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་རིམ་ལག་བསྟར་གྱིས་༸གོང་ས་མཆོག་ལ་དངོས་སུ་མཚན་སྨད་སྐུར་འདེབས་ཀྱི་བསྐུལ་སློང་བྱེད་ཅིང་། ཐ་ན་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་ཚུན་དད་རྟེན་དུ་སྒྲིག་གཤོམ་བྱ་རྒྱུར་ཡང་བཙན་བཀག་དམ་དྲག་བྱས་དང་བྱེད་མུས་ཁར། འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་ཏུ་འཛམ་གླིང་ཨོ་ལམ་པིག་རྩེད་འགྲན་ཆེན་མོ་ཚུགས་ཉེའི་གོ་སྐབས་དང་བསྟུན་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་དང་། ཆོས་བྱེད་ཀྱི་རང་དབང་སོགས་ཡར་རྒྱས་མདུན་བསྐྱོད་དགོས་ཀྱང་། དེ་དག་ལ་རྩིས་མེད་རྡོག་རོལ་བྱེད་མུས་ཀྱི་དཔེ་མཚོན་ཙམ་ནི་ལི་ཐང་རུང་རྒྱལ་ཨ་གྲགས་དང་། ཨ་སྐྲུག་བློ་སྤོ། བློ་ཐོགས། ཀུན་མཁྱེན། འཇམ་དབྱངས་བསྟན་འཛིན། མདོ་སྨད་འབོ་ར་དགོན་པའི་གྲྭ་འཇམ་དབྱངས་རྒྱ་མཚོ། དེ་བཞིན་ཉེ་བའི་ཆར་ཨ་མདོ་རེབ་ཀོང་ཁུལ་དུ་སྔར་སྲོལ་ཆོས་ཕྱོགས་ཀྱི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱས་པ་ལས་བྱུང་བའི་དོན་རྐྱེན་སོགས་ཉེས་མེད་བོད་མི་མང་པོ་བཙོན་བཅུག་དོ་དམ་བྱས་པ་འདི་ཐོག་ནས་ར་འཕྲོད་གསལ་པོར་བརྟེན་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་རིམ་མཚམས་འཇོག་དང་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་དབུས་ཉེས་མེད་ཆབ་སྲིད་ཀྱི་བཙོན་པ་རྣམས་གློད་བཀྲོལ་འཕྲལ་ལ་དགོས་པའི་དགོས་འདུན་བཏོན་རྒྱུ་ཡིན།

བོད་ལྗོངས་སྐྱེ་འགྲོའི་འཕྲལ་ཡུན་བདེ་སྐྱིད་དང་། བསྟན་སྲིད་བདེ་ཐབས་ཁོ་ནའི་ཆེད་གངས་ཅན་ལྗོངས་ཀྱི་སྔོན་བྱོན་མཁས་གྲུབ་གཉིས་ལྡན་རིས་མེད་བླ་ཆེན་མང་པོས་མཛད་སྲོལ་ལྟར་༸གོང་ས་ལྷ་མིའི་རྣམ་འདྲེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བསྲེགས་དཔྱད་བརྡར་གསུམ་གྱི་སྒོ་ནས་ཆོས་མཐུན་བརྟག་དཔྱད་ཞིབ་འཇུག་ཟབ་ནན་བསྐྱངས་རྗེས་དགག་དགོས་རྒྱུ་མཚན་དུ་མར་དགོངས་བཞེས་ཀྱིས་དོལ་རྒྱལ་བསྟེན་གསོལ་ཐོག་ལོ་ཤས་གོང་ནས་དམ་དྲག་བཀག་འགོག་ནན་ཏན་རིམ་བསྟུད་གནང་བ་བཞིན་གདན་ས་ཁག་གི་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་གཙོས་དགེ་འདུན་འདུས་པ་རྒྱ་མཚོ་མང་ཆེ་བ་དང་། བོད་མི་སྤྱི་དོན་ཐོག་བསམ་ཡོད་མང་པོས་སྔ་འགྱོད་ཕྱིས་བསྡོམས་ཀྱིས་རྒྱལ་བའི་བཀའ་དགོངས་དྭངས་ལེན་སྤང་བླང་ཚུལ་བཞིན་ཞུས་པར་བརྟེན་བོད་ཀྱི་རྩ་དོན་ཐོག་ཕན་ཐོགས་དགེ་མཚན་རྔོ་ཐོན་ཅི་ཆེ་བྱུང་ཡོད་ཀྱང་། དོལ་རྒྱལ་རྗེས་འབྲངས་པ་དང་། བླང་དོར་གྱི་གནད་ལ་རྨོངས་ཤིང་གཞན་དབང་དུ་སོང་བའི་བོད་མི་ཉུང་ཤས་ནས་བོད་མིའི་སྤྱི་དོན་དང་། ༧རྒྱལ་བའི་སྐུ་ཕྱ་བཅས་པར་བསམ་ཞིབ་དོ་སྣང་མེད་པར་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུར་མུ་མཐུད་ཨུ་ཚུགས་བྱས་པ་ནི་བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མས་བརྒོ་བ་རྣར་གཟོན་དང་བཤེས་གཉེན་བསྟེན་ཚུལ་ཕྱིན་ཅི་ལོག་གི་བྱེད་བབ་ཐ་ཤལ་ཅོལ་ཆུང་འདི་རིགས་ལ་སྤྱི་འཐུས་ལྷན་ཚོགས་བློ་ཕམ་ཚད་མེད་བྱུང་བ་མ་ཟད། བོད་མི་ཐ་ཞན་འདི་རིགས་ལ་ངོ་རྒོལ་མཐར་ཕྱིན་པ་བྱ་རྒྱུ་ཡིན། ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱངས་སྐབས་དོལ་རྒྱལ་བསྟེན་གསོལ་རུང་མིན་སྐོར་སླར་ཡང་བཀའ་སློབ་ཟབ་ནན་ཕེབས་པར་བརྟེན་ལྷོ་གཞིས་ཁག་གི་དགེ་ལྡན་པའི་དགོན་པ་གྲྭ་ཚང་ཁག་བཅུ་བཞིའི་ནང་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱེད་རྒྱུ་དང་། མཚམས་འཇོག་མི་བྱེད་མཁན་དང་ཆོས་དང་ཟང་ཟིང་ལ་མཉམ་སྤྱོད་མི་བྱེད་རྒྱུའི་ཐད་ཚུལ་ཤིང་བཞེས་པའི་ལམ་ནས་འོས་བསྡུ་གནང་བར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་བྱུང་འདུག་པའི་གཏམ་བཟང་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། སྤྱི་འཐུས་གྲོས་ཚོགས་ནས་ལྷ་སྲུང་བསྟེན་ཕྱོགས་སྐོར་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གཉིས་པར་ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༦ དང་། གྲོས་ཚོགས་ཚོགས་དུས་བཞི་པར་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༧ སོ་སོ་འཁོད་པའི་གཞུང་འབྲེལ་གྲོས་ཆོད་ཞིབ་ཚགས་ཁག་གཉིས་སྔ་རྗེས་སུ་བཞག་ཡོད་པའི་འབྲུ་དོན་རྣམས་ལ་བསམ་ཞིབ་དོ་སྣང་གིས་སྤང་བླང་འཛོལ་མེད་ཚུལ་བཞིན་གནང་རོགས་ཞེས་འབོད་སྐུལ་ནན་ཏན་ཞུ་རྒྱུ་མ་ཟད། ཆོས་ལ་དུག་ལྟར་ལྟ་བ་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་ཁེ་ཕན་ལག་ཆར་བཟུང་སྟེ་འཇིག་རྟེན་གྱི་དྲེགས་པ་བསྟེན་ཕྱོགས་ནས་ཆོས་དད་རང་དབང་མེད་ཚུལ་སྐྱོན་བརྗོད་འུར་སྒྲོག་ཁྱབ་སྤེལ་བྱེད་པ་མ་ཟད། དོལ་རྒྱལ་རྗེས་འབྲངས་བ་རྣམས་ལ་དངུལ་དངོས་ཀྱི་རྒྱབ་རྟེན་དཔུང་འདེགས་བྱས་ཏེ་༸གོང་ས་མཆོག་ལ་མཚན་སྨད་དང་། ཕྱི་ནང་གང་སར་ལས་འགུལ་སྣ་ཚོགས་ཁྱབ་སྤེལ་ཕན་གྲོགས་མཉམ་འདེགས་བྱས་པ་བཅས་ནི་ཆབ་སྲིད་རག་པས་ཁེ་ཕན་ཡོང་ཐབས་ཁོ་ན་དང་། དཀྲོག་གཏམ་དཀྲུག་ཤིང་གི་བྱ་ཐབས་ལས་ཆོས་ལ་དད་ཞེན་འགོག་མེད་ཀྱི་བྱ་བ་ཞིག་མིན་པ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་ངང་ཚུལ་ཡིན་པའི་དཔེ་སྟོན་ཙམ་ཞུས་ན། གོང་གསལ་༸གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་ཕེབས་རྗེས་ལྡི་ལི་དབུས་ལྷ་མི་སྲུང་སྐྱོབ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་ཁང་ཞེས་པ་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༢༣ ཉིན་གསལ་བསྒྲགས་ཞིག་སྤེལ་བའི་མཐའ་ཚིག་དུ་ སླད་ནས་མུ་མཐུད་ད་མུས་བཞིན་ང་ཚོར་ཐུབ་ཚོད་བརྙས་བཅོས་གཏོང་རྐྱང་གནང་བ་ཡིན་ན། འཛམ་གླིང་ས་ཕྱོགས་ཉེ་འགྱངས་ངེས་མེད་ནང་བཞུགས་པའི་ ཤུགས་ལྡན་པ་ཚང་མས་གཅིག་ཕན་གཅིག་གྲོགས་དང་། ང་ཚོ་སྐྱབས་བཅོལ་གཉིས་པའི་གནས་བབ་ཞིག་གི་འོག འུ་ཐུག་ཞུ་འབུལ་སྐྱབས་འཚོལ་མི་བྱ་ཐབས་མེད་ཆགས་རྒྱུར་དེ་ལུགས་ཚང་མས་དགོངས་བཞེས་ཡོང་བ་བཅས། ཞེས་འཁོད་པ་ནས་མཁྱེན་ཐུབ།

སྐབས་བབས་ཀྱི་གནད་དོན་ཞུ་རྒྱུར། ཕྱི་ལོ་ ༡༩༩༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་ཡར་རྒྱས་གང་ལེགས་བྱུང་ཡོད་པ་དང་། སླད་མར་ཡང་མདུན་སྐྱོད་མུ་མཐུད་དགོས་པའི་དོན་ཆེན་ལ་དགོངས་ཏེ་གཞུང་གི་སྒྲིག་འཛུགས་ལ་བསྒྱུར་བཅོས་ཆེན་པོ་ཞིག་གནང་ཁོངས། ཕྱི་ལོ་ ༡༩༩༡ ལོར་སྤྱི་ལྷན་སྐབས་བཅིུག་པ་ནས་བཟུང་ཆོས་ལུགས་ཆོལ་གསུམ་ཐད་བསྐོས་ཕྱི་རྒྱལ་དང་བཅས་འཐུས་མིའི་གྲངས་ཚད་སྤར་ཆ་དང་ལས་དོན་ཐད་ཁ་ཡོད་ལག་ཡོད་མང་ཚོགས་ཀྱི་སྐུ་ཚབ་མཚོན་པ་དང་མིང་དོན་མཚུངས་པའི་ཁྲིམས་བཟོའི་གྲོས་ཚོགས་ཤིིག་ཏུ་སྒྱུར་གནང་མཛད་ཡོད། དེ་ནས་བཟུང་སྤྱི་འཐུས་རྒྱུན་ལས་དང་ཕྱོགས་བཞུགས་སྤྱི་འཐུས་གཉིས་སུ་དབྱེ་སྟེ་སྤྱི་འཐུས་རྣམས་ལྷན་འཛོམས་བཅའ་ཁྲིམས་དགོངས་དོན་ལྟར་ལོ་གཅིག་ནང་གྲོས་ཚོགས་ཚོགས་ཐེངས་གཉིས་སྐབས་གནང་བཞིན་ཡོད། ད་རེས་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་དང་སྟབས་བསྟུན་ཏེེ་རང་རེའི་ཆབ་སྲིད་ཀྱི་དུས་དྲན་གལ་འགངས་ཆེ་ཤོས་བོད་ལྗོངས་རང་དབང་སྒེར་ལངས་ཀྱི་ཉིན་མོར་སྤྱི་འཐུས་རྣམས་བཞུགས་སྒར་དུ་ལྷན་བཅར་ཞུས་ཡོད་པ་འདིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གནད་དོན་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པ་དང་། དེ་ཐོག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱིས་འབད་འབུངས་དགོས་པ་མཚོན་གྱི་ཡོད། འདི་ཚེས་ ༡༥ ཉིན་གྲོས་ཚོགས་དངོས་གཞི་དུས་ཚོད་ངེས་མེད་བར་ཚོགས་སེང་གྲུབ་རྗེས་ཉིན་ལྔའི་རིང་སྤྱི་འཐུས་རྣམ་པའི་ནང་ཁུལ་གྱི་ལྷན་ཚོགས་ཤིག་ཀྱང་གོ་སྒྲིག་ཞུས་ཡོད། དེ་སྐབས་སྤྱི་ལྷན་གྱི་ལས་དོན་ཚགས་ཚུད་གཏོང་ཕྱོགས་དང་། བོད་ཕྱི་ནང་གཉིས་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེའི་ཐོག་གང་ནུས་ཀྱི་བློ་གྲོས་འདོན་འཆར་ཡིན་ཞེས་ལྷ་༧སྙན་སྒྲོན་འབུལ་ཐུང་ཙམ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མིང་སྤྱི་འཐུས་ལྷན་ཚོགས་ཀྱིས། ༢༠༠༨ ཟླ་ ༣ ཚེས་ ༡༠ ལ།།

Share with your friends










Submit