ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །དེ་རིང་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ནི་བོད་མི་རྣམས་ཀྱིས་རང་དབང་གི་དོན་དུ་ཞི་བའི་སྒོ་ནས་གྱེན་ལངས་བྱས་ཏེ་མི་ལོ་ ༤༩ འཁོར་བའི་དུས་ཚིགས་ཡིན་པ་འདིའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་མི་རིགས་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་འདུད་དང་། ད་ལྟའང་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད། གཞིས་བྱེས་བོད་མི་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་བཅས་ཞུ་རྒྱུ་ཡིན།

གསུམ་བཅུའི་དུས་དྲན་ཐེངས་ ༤༨ པར་སྐབས་བཅུ་གསུམ་པའི་བཀའ་ཤག་གི་གཏམ་བཤད་དུ་བོད་མི་རིགས་ཀྱི་གནས་བབ་དང་། བཙན་བྱོལ་གཞུང་དང་མང་ཚོགས་ཀྱི་སྒྲོམ་གཞི། བོད་མི་རིགས་ཀྱི་འཐབ་རྩོད་དུས་འགོར་བྱུང་ཚེ་རྒྱུན་འཁྱོང་བྱེད་ཐབས་ཀྱི་འཆར་གཞི། གཞིས་བྱེས་བོད་མི་རྣམས་ཀྱིས་ཕྱག་བཞེས་གནང་དགོས་ཀྱི་གནད་དོན་ཁག བོད་རྒྱའི་འབྲེལ་མོལ་གྱི་གནས་བབ་ སོགས་ཀྱི་སྐོར་ཞུས་ཡོད་པ་དེ་དག་བསྐྱར་ནན་ཞུས་པ་དང་འབྲེལ། ད་ལམ་སླར་ཡང་སྔ་ལོ་དང་ཉེ་བའི་ཆར་བོད་ནང་མི་རིགས་ཀྱི་ཁེ་ཕན་དང།ཆོས་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཆེད་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པས་འཚེ་བ་མེད་ཅིང་། ཁྲིམས་དང་མཐུན་པའི་ལས་དོན་སྣ་ཚོགས་རྩོམ་མཁན་བྱུང་འདུག་པ་དེ་དག་ལ་ཡི་རང་བསྔགས་བརྗོད་དང་། རྒྱུན་དུ་འཇིགས་དངངས་བློ་དོགས་ཆེན་པོའི་འོག་ཡོད་བཞིན་པའི་བོད་རིགས་སྐྱ་སེར་རྒན་གཞོན་ཚང་མ་དང་། ལྷག་པར་བོད་རིགས་ཏང་མི་དང་གཞུང་གི་སྲི་ཞུ་བ་ཕལ་མོ་ཆེས་སྙིང་སྟོབས་ཆེན་པོས་བོད་མི་རིགས་ཀྱི་ལར་ཞེན་དང་། བོད་དོན་བདེན་མཐའ་གསལ་བའི་ཕུགས་རེ་ཉམས་པ་མེད་པར་གནས་ཐུབ་པ་ནི་ཤིན་ཏུ་ངོ་མཚར་ཆེ་བའི་གནས་ཚུལ་ཞིག་ཡིན་པས་དེ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་དང་། བཙན་བྱོལ་བོད་མི་ཡོངས་ཀྱིས་ངོས་འཛིན་དང་ཡི་རང་བསྔགས་བརྗོད་ཡོད་ཅིང་། འབྱུང་འགྱུར་ཡང་བོད་མིའི་བློ་སྤོབས་སྔར་བཞིན་རྒྱུན་གནས་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད།

དེ་དང་ཕྱོཌ་མཚུངས་འདས་པའི་ལོའི་ནང་འཛམ་གླིང་ཁྱོན་ཡོངས་སུ་༸གོང་ས་སྐྱབས་མགོན་ཆེན་པོར་དད་མོས་དང་། བོད་ཀྱི་གནད་དོན་ལ་ཐུཌ་ཁུར་ཡོད་པའི་གཞུང་དང་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པའི་ལས་རིགས་ཇི་སྙེད་ཅིག་གནང་བ་རྣམས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་དགོངས་པའི་འཆར་སྣང་ལ་གཞིས་བྱེས་བོད་མིས་ཚད་མཐོའི་མང་མོས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་ལྟར་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྩ་འཛིན་གྱིས་བོད་རྒྱའི་འབྲེལ་མོལ་ལས་རིམ་རྒྱུན་སྐྱོང་བྱས་འབྲས་སུ་ཕྱི་ལོ་ ༢༠༠༢ ནས་བཟུང་ད་བར་འབྲེལ་མོལ་ཐེངས་དྲུག་བྱུང་བའི་བརྒྱུད་ཕན་ཚུན་གནས་ཚུལ་ངོ་སྤྲོད་ཚད་ལྡན་བྱུང་ཁར། རྒྱལ་སྤྱི་དང་། བོད་ནང་བཅས་པར་དངོས་ཤུགས་ཀྱི་དོན་ཕན་གང་ལེགས་བྱུང་རུང་། རྩ་དོན་ཐོག་གྲུབ་འབྲས་མ་ཐོན་པའི་ཁར། བོད་ནང་དྲག་གནོན་དང་། ༸གོང་ས་མཆོག་ལ་མཚན་སྨོད་བཅས་ཤུགས་ཆེ་རུ་ཕྱིན་པར་ཧ་ཅང་བློ་ཕམ་བྱུང་།

ང་ཚོའི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་གང་ཡོད་པ་རྣམས་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་འོག་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱ་དགོས་ཀྱི་རེ་འདུན་དེ་ལྷག་སྦས་པའི་དོན་གནད་ཅི་ཡང་མེད་པ་དང་། རེ་འདུན་དེ་ནི་ཁྲིམས་མཐུན་ལུགས་མཐུན་གྲངས་ཉུང་མི་རིགས་ཡོངས་ཀྱི་ཐོབ་ཐང་ཞིག་ཡིན་པ་གསལ་བརྗོད་བྱས་ཡོད། དེ་ནི་ད་ལྟའི་དངོས་དོན་ལ་གཞི་བཅོལ་ཏེ་མ་འོངས་བོད་རྒྱ་གཉིས་སྨན་གྱི་མངོན་འདོད་སྒྲུབ་ཐབས་ཁོ་ན་ལས། འདས་པའི་བྱུང་རབས་ལ་གཞི་བཅོལ་བ་ཞིག་མིན། བྱུང་རབས་ནི་འདས་པའི་གནས་ཚུལ་ཡིན་པས་བསྐྱར་བཅོས་བྱེད་ཐབས་མེད། འཛམ་གླིང་ནང་ད་ལྟའི་རང་བཙན་གྱི་རྒྱལ་ཁབ་དང་རང་སྐྱོང་གི་ས་ཁུལ་ཇི་འདྲ་ཞིག་ཡིན་རུང་། འདས་པའི་བྱུང་རབས་ཇི་བཞིན་གནས་པ་གཅིག་ཀྱང་མེད་ལ། ཡོད་དགོས་དོན་ཡང་མེད། དཔེར་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་དབང་དང་། ས་ཁྱོན་གཉིས་ཀའི་ད་ལྟའི་གནས་བབ་གང་ཡོད་ཕྱི་ལོ་ ༡༩༤༩ སྔོན་གྱི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་བྱུང་རབས་ཀྱི་ནང་དུ་བྱུང་མྱོང་མེད། འབྱུང་འགྱུར་གྱི་མདུན་ལམ་ཐག་གཅོད་བྱ་རྒྱུ་བྱུང་རབས་ཀྱི་ཐག་ཆོད་ལ་ལྟོས་དགོས་པའི་ཨུ་ཚུགས་བྱེད་པ་ནི་ཁག་དཀྲི་བྱ་ཡུལ་འཚོལ་བ་ཙམ་ལས། དངོས་དོན་དང་གཏན་ནས་མི་མཐུན། ང་ཚོས་བོད་མིའི་འདུན་ལམ་རང་གི་ལྟ་ཕྱོགས་ཀྱི་བྱུང་རབས་ཁོ་ནར་གཞི་བཅོལ་དགོས་པའི་མཁྲེགས་འཛིན་བྱེད་ཀྱི་མེད་པས་གནས་ཚུལ་འདིའི་ཐོག་རྒྱ་བོད་གཉིས་ཀྱི་ལྟ་ཚུལ་མི་མཐུན་པ་དེ་བསལ་མི་ཐུབ་པའི་འགལ་ཟླ་ཞིག་མིན།

མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ནི་གྲངས་ཉུང་མི་རིགས་བྱེ་བྲག་པ་སོ་སོར་ཁེ་ཕན་བསྐྲུན་པའི་ཆ་རྐྱེན་ཞིག་ཡིན་སྟབས། བོད་རིགས་ཡོངས་ལ་གཅིག་གྱུར་ཞིག་དགོས་པ་ལས་ཁ་འཐོར་གཏོང་དགོས་པའི་རྒྱུ་མཚན་མེད་ཅིང་། འདིར་ཡང་བྱུང་རབས་ཀྱི་གཞི་རྩ་གཟུང་དགོས་དོན་མེད། མདོ་དོན་ཅི་སྟེ་བོད་མི་རིགས་ཀྱི་མ་འོངས་པའི་གནས་བབ་འདས་པའི་བྱུང་རབས་ལ་ལྟོས་ཏེ་ཐག་གཅོད་བྱེད་དགོས་ཀྱི་ཡོད་ན་དབུ་མའི་ལམ་གྱི་སྲིད་བྱུས་རྩ་འཛིན་ཐུབ་ཐབས་མེད།

བོད་ཀྱི་དཀའ་རྙོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་སྒེར་གྱི་གནད་དོན་དང་འབྲེལ་བ་གཏན་ནས་མེད་ཅིང་། བཙན་བྱོལ་བོད་མིའི་ཁེ་ཕན་དང་ཡང་འབྲེལ་བ་མེད་པ་འཇིག་རྟེན་ཀུན་གསལ་ཡིན། ད་ལྟ་བོད་ནང་བོད་མིའི་གནས་བབ་འདོད་བློ་ཁེངས་པ་ཞིག་གཏན་ནས་མེད་པའི་དངོས་དོན་དེ་ནི་སུས་ཀྱང་མཐོང་ཐུབ། བོད་མི་ཡོངས་ཀྱི་བདེ་སྐྱིད་དང་། མི་རིགས་ཀྱི་ངོས་འཛིན། སྐད་ཡིག ཡུལ་གོམས་གཤིས་ལུགས། ལེགས་བྱང་རིག་གནས་བཅས་པ་རྒྱུན་འཛིན་ཡོང་ཐབས་སུ་གཞིས་ལུས་བོད་མིའི་མགྲིན་ཚབ་ཏུ་རང་དབང་ལུང་པར་ཡོད་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གླེང་སློང་བྱེད་དགོས་པ་ནི་ལོ་རྒྱུས་ཀྱིས་བསྐུར་བའི་འགན་ཁུར་ཞིག་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་སྐོར་གྱི་གནད་དོན་མེད་ནའང་། མི་རིགས་ཀྱི་བདེ་དོན་སྐོར་གྱི་གནད་དོན་ཆེན་པོ་ཡོད་པ་ནི་ཕྱོགས་གཉིས་ཀས་ངོས་ལེན་མ་བྱས་ཐབས་མེད་ཀྱི་བདེན་དོན་ཞིག་རེད།

ཕྱི་ལོ་ ༢༠༠༢ ལོར་བོད་རྒྱའི་ཐད་འབྲེལ་བསྐྱར་གསོ་བྱས་པ་ནས་བཟུང་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མ་ཟད། ཕྱི་ལོ་ ༢༠༠༦ ནས་བཟུང་བཙན་གནོན་གདུག་རྩབ་ཇེ་ཆེར་བཏང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོར་གཞི་མེད་ཀྱི་སྐྱོན་བརྗོད་དང་། ཉེས་མེད་བོད་མི་སྤྱི་དང་། ལྷག་པར་གྲྭ་བཙུན་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོར་བསྙད་དེ་དམ་བསྒྲགས་བསུན་བཙེར་ཚད་མེད་བྱས་པ། ཆོས་མེད་གཞུང་གིས་ཆོས་ཀྱི་ལས་དོན་ནང་ཧམ་འཛུལ་གྱིས་སྤྲུལ་སྐུའི་ངོས་འཛིན་བྱེད་ཚུལ་ཆོས་དང་མི་མཐུན་པའི་བཀོད་ཁྱབ་བཏོན་པ། དོལ་རྒྱལ་རྗེས་འབྲང་བ་ཁག་ཅིག་བོད་རིགས་ཁ་བྲལ་གྱི་ལག་ཆར་བེད་སྤྱོད་བྱས་པ། འཚེ་མེད་ཞི་བའི་ལམ་ནས་དྲང་བདེན་གྱི་བསམ་ཚུལ་འདོན་མཁན་རྣམས་ལ་ཉེས་རྡུང་བཙོན་བཅུག་བྱས་པ་སོགས་མི་སྤྱོད་ལས་འདས་པའི་གནས་ཚུལ་མང་པོ་ཞིག་བརྩམས་དང་རྩོམ་བཞིན་པ་དེ་དག་ནི་རྒྱ་བོད་མི་རིགས་མཐུན་འབྲེལ་རྩ་གཏོར་གཏོང་བའི་ཁ་བྲལ་གྱི་བྱེད་ཕྱོགས་ངོ་མ་དེ་རེད། འཆམ་མཐུན་དང་ཆིག་བསྒྲིལ་ནི་ཕན་ཚུན་ཡིད་ཆེས་བློས་འགེལ་གྱི་བསམ་བློའི་ཆིག་བསྒྲིལ་ལ་བརྟེན་ནས་བསྐྲུན་དགོས་པ་མ་གཏོགས་དྲག་གནོན་གྱིས་བཟོས་པའི་ཆིག་བསྒྲིལ་རྒྱུན་གནས་ཐུབ་པ་བྱུང་རབས་མེད་ཅིང་། འབྱུང་འགྱུར་ཡང་ཡོང་རེ་མེད། བར་ལམ་གྱི་བྱུང་རིམ་དེ་དག་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་གྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བཏང་ཡོད་ཅིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟའི་འབྲེལ་མོལ་གྱི་བརྒྱུད་ལམ་འདི་གལ་ཆེར་བརྩི་བའི་གསུང་བབ་ཀྱང་ཚིག་ཙམ་དུ་ཟད་པ་དང་། བཙན་བྱོལ་བོད་གཞུང་གིས་གཞིས་བྱེས་བོད་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་དགོས་པའི་ལམ་སྟོན་བྱ་རྒྱུའི་ནུས་པ་ལའང་དོ་ཕོག་ཆེན་པོ་ཕྱིན་ཡོད།

འབྲེལ་མོལ་ཐེངས་དྲུག་པའི་སྐབས་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པས་རེ་འདུན་བཏོན་པ་ཁག་ལའང་ད་བར་འདི་བྱས་ཀྱི་གསལ་ཆ་མེད་སྟབས། རྒྱ་ཕྱོགས་ནས་ད་ཡོད་བོད་ཀྱི་དཀའ་རྙོག་འདི་སེལ་རྒྱུའི་ཐུགས་འདུན་ཡོད་མེད་ཀྱང་ཐེ་ཚོམ་རེད་འདུག གང་ལྟར་བཀའ་ཤག་གི་ངོས་ནས་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་དང་ལྷན་དུ་འབྲེལ་མོལ་གྱི་ལམ་ནས་བོད་དོན་འགྲིགས་ཆགས་ཐུབ་ཀྱི་ཡོད་མེད་ཇི་ལྟར་ཡང།དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་མིན་པ་དང་། རང་ཕྱོགས་ནས་འབྲེལ་མོལ་མུ་མཐུད་ཡོང་ཐབས་རྒྱུན་འཁྱོང་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

རྒྱ་ཕྱོགས་ཀྱི་སྡེ་ཚན་འདྲ་མིན་ནས་བརྒྱུད་ལམ་སྣ་ཚོགས་བེད་སྤྱོད་ཀྱིས་བརྡ་ལན་དང་། རྣམ་འགྱུར་འདྲ་མིན་ཅི་རིགས་ཤིག་ཡོང་བཞིན་འདུག་པ་དེ་དག་གཞུང་འབྲེལ་བརྒྱུད་ལམ་ནས་ཚད་འཛིན་ཐུབ་པའི་བརྗོད་ཚིག་གསལ་པོ་མ་བྱུང་བར་འདི་ནས་ཁ་ཚོན་ཆོད་པའི་ཡ་ལན་ཞུ་ཐབས་བྲལ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་བོད་མི་རིགས་དང་རྒྱལ་བསྟན་ཆབ་སྲིད་བཅས་ཀྱི་ཆེད་དོལ་རྒྱལ་བསྟེན་གསོལ་སྐོར་༧རྒྱལ་བ་ལྔ་པ་ཆེན་པོ་ནས་བཟུང།ཁྲི་ཆེན་ངག་དབང་མཆོག་ལྡན། ལྕང་སྐྱ་རོལ་པའི་རྡོ་རྗེ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་སོགས་སྔོན་བྱོན་ཚད་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོས་དགག་བྱ་མཛད་པ་གཞིར་བཟུང་བཀའ་སློབ་སྔ་རྗེས་རིམ་བསྩལ་བཀྲིན་ཆེ་ཡོད་ནའང་། དགེ་ལུགས་ཆོས་སྡེ་རེ་ཟུང་ནས་ད་དུང་ཉ་ཉུང་མཉམ་བསྲེས་ཡོད་པ་དེ་དག་གཙང་སེལ་དགོས་པའི་བསམ་འཆར་དང་། ལས་འགུལ་ཅི་རིགས་ཤིག་མཁྱེན་དཔྱོད་ལྡན་པའི་དགེ་འདུན་མང་ཚོགས་ནས་རིམ་སྤེལ་བྱུང་བའི་གླེང་གཞི་དང་བསྟུན་ཏེ། ༸གོང་ས་མཆོག་ཉེ་ཆར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་གླིང་དུ་ཆིབས་བསྒྱུར་སྐབས་དགེ་ལུགས་ཆོས་སྡེ་རྣམས་སུ་འབྱུང་འགྱུར་བྱེད་བདེའི་ཆེད་དགེ་འདུན་པ་རྣམས་ཀྱིས་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་བྱ་ལེགས་དགོངས་འཆར་བཀྲིན་བསྩལ་བ་ལ། འབྲེལ་ཡོད་མཁན་ལས་ཡོངས་ནས་སྤྱི་མོས་ཀྱིས་དམ་ཆོས་འདུལ་བའི་ལམ་སྲོལ་ལྟར་ཚུལ་ཤིང་བཀྲམས་ཏེ་མང་མོས་འོས་བསྡུའི་ལས་རིམ་ཕྱག་བསྟར་གྱིས་ད་ཆ་གདན་ས་གསུམ་གྱིས་མཚོན་དགེ་ལུགས་ཆོས་སྡེ་ཕལ་མོ་ཆེར་རྣམ་དབྱེ་གཙང་མ་གནང་ཟིན་འདུག་པ་ཡི་རང་བསྔགས་བརྗོད་ཀྱི་གནས་སུ་གྱུར་ཅིང་། འབྱུང་འགྱུར་ཡང་འཐུས་ཤོར་མེད་པར་རྒྱུན་འཛིན་ཐུབ་པ་གནང་དགོས་ཀྱི་འབོད་སྐུལ་ཞུ་རྒྱུ་དང་། དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མ་ཐུབ་པའི་གྲྭ་གྲངས་ཉུང་ཤས་ཤིག་ཡོད་འདུག་པ་དེ་དག་གདན་ས་ཆེན་པོར་བསྲེ་བསླད་མ་དགོས་པར་ལོགས་སུ་ཟུར་ཐོན་གྱིས་བཙན་བྱོལ་བོད་མི་སྤྱི་མཚུངས་གནས་ཐབས་ལ་བཙན་བྱོལ་གཞུང་གིས་དགོས་ངེས་མཐུན་འགྱུར་ཞུ་རྒྱུ་ཡིན།

རྒྱ་གར་གཞུང་དང་མང་ཚོགས་ནས་འདས་པའི་མི་ལོ་ལྔ་བཅུར་ཉེ་བའི་རིང་བཙན་བྱོལ་བོད་མི་ཡོངས་ལ་མགོན་སྐྱབས་ཕན་གྲོགས་བླ་མེད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་ངོས་ནས་ཀྱང་བཀྲིན་རྗེས་དྲན་གྱིས་གནས་ཡུལ་འཕགས་པའི་ཡུལ་གྱི་སྤྱི་ཚོགས་ཀྱི་ཆོས་དང་རིག་གཞུང་ལ་མཐུན་འགྱུར་ཞབས་འདེགས་གང་ཐུབ་བསྒྲུབ་དགོས་པའི་འབོད་བསྐུལ་ཞུ་རྒྱུ་ཡིན། དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་དྲང་བདེན་དང་ཞི་བདེ་ལ་དགའ་བའི་བོད་དོན་རྒྱབ་སྐྱོར་བའི་གཞུང་མང་ཡོངས་ལ་ད་རེས་ཀྱི་གོ་སྐབས་འདིའི་ཐོག་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་དགའ་སྟོན་ལ་སྤྱོད་པའི་སྨོན་འདུན་བཅས། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༠ ལ།། །།

Share with your friends










Submit