ཟླ་བ་ ༦ ཚེས ༢༣ ༢༠༡༠

ད་རིང་གསུམ་བཅུའི་དུས་དྲན་ཐེངས་ ༥༡ པའི་དབུ་བཞུགས་སུ་ཆིབས་བསྒྱུར་བཀྲིན་བསྐྱངས་པའི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས། ད་རིང་འདིར་འདུས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་མཛད་གཙོ་ལས་ཟུར་རྣམ་པ། དྲུང་ཆེ་ཆུང་སོགས་སྲི་ཞུའི་ལས་བྱེད་རྣམ་པ། རྡ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་འགོ་འཛིན། ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ། གཞུང་ཁོངས་མ་ཡིན་པའི་སྒྲིག་འཛུགས་ཁག་གི་འགོ་ཁྲིད་དང་ལས་བྱེད་རྣམ་པ། དགེ་རྒན་དང་སློབ་ཕྲུག བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ། ལྷག་པར་དུ་ད་རིང་དུས་དྲན་འདི་དང་བསྟུན་ཏེ་ཆེད་ཕེབས་རྒྱ་རིགས་གྲོགས་པོ་རྣམ་པ་དང་ཕྱི་རྒྱལ་སྐུ་མགྲོན་རྣམ་པ་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན།

༡༩༥༩ ལོར་རྒྱ་ནག་གི་ངན་བྱུས་དམར་རྗེན་དུ་ཐོན་ཏེ་བོད་རྒྱ་ཆེ་མི་མང་སྡོད་བཟོད་མ་ཐུབ་པར་ཞི་བའི་སྒེར་ལངས་ཆེན་པོ་བྱ་དགོས་བྱུང་བ་ནས་དུས་ད་ལྟའང་བོད་ནང་བོད་མིར་རང་དབང་མེད་པ་དང་། རྒྱ་ནག་འགོ་ཁྲིད་ཚོས་ཁེངས་དྲེགས་དང་མཁྲེགས་བཟུང་གིས་བོད་མིའི་མངོན་འདོད་དང་མ་འཚམས་པའི་སྲིད་བྱུས་དང་ལས་འཆར་ནོར་བ་ཁོ་ན་ལག་བསྟར་བྱས་དང་བྱེད་བཞིན་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དངོས་ཡོད་གནས་སྟངས་ལ་གཞི་མ་བཅོལ་བར་བརྟེན་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་བྱུང་མེད་རུང་། མི་ལོ་ ༥༡ སླེབས་མཚམས་སུའང་རྒྱལ་སྤྱིའི་ནང་བོད་དོན་འདི་འགྲིག་འཇགས་ཡོང་དགོས་པའི་གནད་དོན་གལ་ཆེ་ཞིག་ལ་ངོས་འཛིན་ཐོག་གནས་ཐུབ་ཡོད་པ་དང་། རྒྱ་ནག་གིས་ཀྱང་སྣང་མེད་དུ་འཇོག་ཐབས་མེད་པའི་གནས་སྟངས་སུ་གྱུར་ཡོད་པ་དེ་འདས་པའི་མི་ལོ་བཅུ་ཕྲག་ལྔ་ལྷག་རིང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་མཛད་འཕྲིན་འཛམ་གླིང་མཐའ་དབུས་སུ་རྒྱས་པའི་ནུས་མཐུའི་བཀྲིན་དང་། བོད་གཞིས་ལུས་མི་མང་གི་དཔའ་མཛངས་སྙིང་སྟོབས། རྒྱལ་སྤྱིའི་ནང་གཞུང་སྒེར་མང་པོས་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་ཡིན་པས་ད་རིང་གི་གོ་སྐབས་འདི་ཟིན་ནས་༸གོང་ས་མཆོག་དང་། བོད་གཞིས་ལུས་མི་མང་། རྒྱལ་སྤྱིའི་རྒྱབ་སྐྱོར་བ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔ་ལོ་སྤྱི་ལྷན་གྲོས་ཚོགས་ཐོག་གྲོས་ཆོད་སྣོལ་འཇོག་གནང་ཡོད་པ་བཞིན་ད་ལམ་བོད་གཞིས་ལུས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྗེས་དྲན་རྡོ་རིང་ཞིག་གསར་བཞེངས་གྲུབ་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་འབད་རྩོལ་དུ་མ་གནང་ཡང་། ད་བར་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པ་དེ་ནི་རྒྱ་ནག་གི་འགོ་འཁྲིད་ཚོར་ཆབ་སྲིད་ཀྱི་འདུན་པ་མེད་པ་དང་། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་འོག་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་སུའང་ཆབ་སྲིད་དང་དཔལ་འབྱོར། ཁོར་ཡུག་དང་བདེ་འཇགས་ལ་སོགས་པའི་གནད་དོན་གང་ཅིའི་ཐོག་རྒྱ་ནག་ལ་མ་བསྟུན་ཐབས་མེད་ཡིན་བསམ་པའི་ཁེངས་དྲེགས་དང་མཁྲེགས་བཟུང་། ལྷག་པར་དུ་རྒྱ་ནག་འགོ་ཁྲིད་ཁག་ཅིག་གིས་༸གོང་ས་མཆོག་གི་དགུང་ལོ་ལ་ཚོད་རྩིས་དང་། བོད་ནང་དུ་དྲག་པོའི་ལམ་ནས་མགོ་གནོན་མ་ཐུབ་པ་མེད་བསམ་པའི་བསམ་སྱོར་ངན་པའི་ཀུན་ནས་བླངས་ཏེ་ཡོང་བཞིན་ཡོད་པ་མངོན་གསལ་ཡིན།

དེ་ཡང་བར་ལམ་འབྲེལ་མོལ་ཐེངས་དགུའི་ཉམས་མྱོང་ལ་གཞིགས་ན་ད་ལྟའི་རྒྱ་ནག་འགོ་ཁྲིད་ཚོས་སྔ་ཕྱི་ནང་འགལ་གྱི་སྐད་ཆ་མང་དག་གིས་བོད་པ་ལྟ་ཅི་སྨོས། རྒྱ་ནག་མི་མང་མགོ་རྨོངས་སུ་འཇུག་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་བསླུ་འཁྲིད་འོག་ཏུ་ཚུད་ཐབས་བྱས་པ་ལས། དོན་དངོས་ཐོག་བོད་རྒྱའི་དཀའ་རྙོག་སེལ་འདོད་མེད་པ་དང་དུས་འགྱངས་བྱ་རྒྱུའི་དམིགས་ཡུལ་ཡིན་པ་གསལ་པོ་ཆགས་ཡོད། ཕྱོགས་གཅིག་ནས་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་བོད་དོན་ཐོག་བཀའ་མོལ་གནང་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་ཁྲིམས་མཐུན་གྱི་བོད་མིའི་སྐུ་ཚབ་མཚོན་གྱི་མེད་ལུགས་བརྗོད་བསྡད་པ་དེ་ནས་མཚོན་ཐུབ། འདས་པའི་ལོ་བརྒྱད་ནང་འབྲེལ་མོལ་ཐེངས་དགུ་གནང་ཡོད་པ་དང་། འབྲེལ་མོལ་སྐབས་བོད་དང་བོད་མིའི་བདེ་རྩའི་ཆེད་རང་སྐྱོང་གི་གནས་བབ་སྐོར་གོ་བསྡུར་ ཡང་གནང་ཡོད། ཁོ་རང་ཚོས་བསམ་ཚུལ་སྟོན་པ་བཞིན་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བ་དང་། དེ་སྐབས་བསམ་འཆར་གྱི་ནང་དོན་ཡོངས་རྫོགས་ངོས་ལེན་མ་བྱས་པ། འབྲེལ་མོལ་ཐེངས་དགུ་པའི་སྐབས་སྐུ་ཚབ་ཚོའི་ངོས་ནས་བསམ་འཆར་གྱི་ནང་དོན་ལ་བཟོ་བཅོས་དང་ཆག་ཡང་གང་ཡང་བཏང་མ་སོང་ཞེས་བསྒྲགས་ཡོད་པ་དང་། རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་དང་དངོས་ཡོད་བོད་ནང་གི་བོད་མི་ཚོས་༸གོང་ས་མཆོག་ལ་དད་གུས་དང་ཆེ་མཐོང་ཇི་ཙམ་ཡོད་པ། ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་ལས་གསལ་པོ་ཡིན་པ་ཤེས་བཞིན་དུ་འདི་ལྟར་བརྗོད་བཞིན་པ་ཡ་མཚན་དུ་གྱུར། དོན་དངོས་༸གོང་ས་མཆོག་གི་མཚན་སྙན་མཛད་འཕྲིན་གྱི་གཟི་བརྗིད་མ་བཟོད་པར་བཤད་པ་ཙམ་ལས་ཕུང་གསུམ་པའི་བར་གནས་ཀྱི་བོད་ནང་བོད་མི་ཚོར་མང་མོས་འོས་བསྡུ་བྱ་རྒྱུའི་སྤོབས་པ་དང་གདེང་ཚོད་གང་ཡང་ཡོད་པ་མ་རེད།

༸གོང་ས་མཆོག་གིས་རང་བཙན་རྩོད་གནང་གི་མེད་པ་རྒྱ་གར་དང་རྒྱལ་སྤྱིའི་སྡེངས་ཆ་ཁག་མང་པོའི་ཐོག་སྔ་རྗེས་མང་པོར་ཡང་ཡང་བཀའ་སློབ་གནང་ཟིན་པ་དང་། ལྷག་པར་དུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་མི་འགལ་བའི་ཐོག་ནས་རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཐོབ་ཐབས་བྱ་རྒྱུ་ཁ་གསལ་གོ་བདེ་བཀོད་ཡོད་པ་དང་། འབྲེལ་མོལ་ཐེངས་བཞི་པའི་སྐབས་རྒྱ་ནག་འགོ་འཛིན་ཚོས་༸གོང་ས་མཆོག་གི་བཞེངས་ཕྱོགས་དེ་གཏམ་བཟང་ཡིན་ཞེས་ངོས་ལེན་བྱས་ཡོད་རུང་། དུས་ད་ལྟའང་༸གོང་ས་མཆོག་ཁ་བྲལ་བ་ཡིན་ལུགས་བཤད་ཀྱི་ཡོད་པ་འགལ་ཟླའི་སྐད་ཆ་དེ་ཚོ་རྒྱ་ནག་མི་མང་མགོ་རྨོངས་སུ་འཇུག་རྒྱུ་ལས་དོན་དག་གཞན་མེད།

བོད་ནང་གི་དངོས་ཡོད་གནས་སྟངས་ཐད་རྒྱ་ནག་གཞུང་དང་བཙན་བྱོལ་གཞུང་དབར་འགལ་ཟླའི་བལྟ་ཚུལ་ཆེན་པོ་ཡོད་རུང་། ཐུན་མོང་གིས་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱ་དགོས་ཀྱི་དགོས་འདུན་སྟོན་པར་ཡ་ལན་མེད་པར་བཞག་ཡོད། བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་ཟེར་བ་ཚོགས་རྗེས་བོད་ཁྱོན་ཡོངས་ལ་སྲིད་བྱུས་དང་ལས་འཆར་ལག་བསྟར་གཅིག་གྱུར་གྱིས་བོད་མིའི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་གསལ་ཡོད་པར་དགའ་བསུ་ཞུ་རྒྱུའང་། ད་ལྟ་བོད་ནང་བོད་མི་ཚོར་འདོད་མོས་ཡོད་མིན་ལ་མ་ལྟོས་པར་སྡོད་ཁང་གསར་རྒྱག་བྱེད་དུ་བཅུག་པ་སོགས་ནི་འཛམ་གླིང་ནང་དཔལ་འབྱོར་ཉམས་གུད་ཕྱིན་ཏེ་ཁྲོམ་ར་ཉུང་དུ་ཕྱིན་རྐྱེན་རྒྱ་ནག་རྒྱལ་ནང་དུ་བཅའ་དངོས་ཐོན་སྐྱེད་དང་ཉོ་ཚོང་ཤུགས་ཆེ་རུ་གཏོང་རྒྱུའི་དམིགས་ཡུལ་ཞིག་ལས་མ་འདས། བོད་ནང་བོད་མིའི་ཁེ་ཕན་གྱི་ཆེད་དུ་ཡིན་ན་སྡོད་ཁང་གསར་རྒྱག་ཙམ་མ་ཡིན་པར་བོད་མིའི་མངོན་འདོད་གང་ཡིན་གསལ་པོ་བཟོས་རྗེས་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་ཡར་རྒྱས་གཏོང་དགོས་པ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། ལྷག་པར་དུ་བོད་མི་ཚོར་བསམ་བློའི་རང་དབང་སྤྲོད་དགོས་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ནང་ཆོས་བསླབ་པ་སློབ་གཉེར་གྱི་གོ་སྐབས་བཟང་དུ་གཏོང་དགོས། དེ་བཞིན་བོད་ནང་དུ་འཛུགས་བསྐྲུན་གྱི་ལས་གཞི་ཁག་བོད་མིའི་མངོན་འདོད་དང་འཚམས་པ་དང་། བོད་མི་རང་གིས་བྱེད་ཐུབ་པའི་མིའི་ནུས་ཤུགས་སྤེལ་དགོས།དུས་ད་ལྟའང་བོད་གཞིས་ལུས་མི་མང་གིས་འགྲོ་བ་མིའི་ཐོབ་ཐང་བེད་སྤྱད་དེ་ཞི་བའི་ཐོག་ནས་སོ་སོའི་བསམ་ཚུལ་དང་གཞུང་ལ་མི་འདོད་པའི་རྣམ་འགྱུར་ཕྲ་མོ་ཙམ་སྟོན་པར་དྲག་གནོན་དང་། བཙོན་འཇུག མི་སྤྱོད་ལས་འདས་པའི་ཉེས་བརྡུང་དང་། ཐ་ན་སྲོག་ཐོག་གཏོང་བཞིན་པ་བློ་ཕམ་གྱི་རང་བཞིན་ལ། དེ་ལྟར་མུ་མཐུད་གནས་ཚེ་བོད་རྒྱའི་དབར་མཐུན་ལམ་ནམ་ཡང་ཡོང་ཐབས་མེད་པའི་གནས་སྟངས་རྒྱ་ནག་འགོ་ཁྲིད་ཚོས་ངོས་འཛིན་གསལ་པོས་ད་བར་ཆབ་སྲིད་བཙོན་པ་འཛིན་བཟུང་བྱས་པ་དང་ཉེས་ཆད་བཏང་བ་ཚང་མ་འཕྲལ་དུ་གློད་འགྲོལ་གཏོང་དགོས།

༸གོང་ས་མཆོག་གིས་དུས་རྒྱུན་དུ་ནས་བཀའ་གནང་བཞིན་པ་ལྟར་ང་ཚོས་ཕྱིའི་རྒྱལ་ཁབ་དང་དྲང་བདེན་ལ་དགའ་བའི་མི་ཚོར་འབྲེལ་བ་བྱ་དགོས་དོན་གཙོ་བོ་ནི། རྒྱ་ནག་འགོ་ཁྲིད་ཚོས་ཚུལ་བཞིན་ཡ་ལན་མ་བྱས་པའི་རྐྱེན་གྱིས་ཡིན་པ་དང་། གལ་ཏེ་རྒྱ་ནག་གཞུང་གིས་ང་ཚོས་གཉིས་སྨན་བསམ་འཆར་བཏོན་བཞག་པ་ལ་ཚུལ་བཞིན་བདག་པོ་རྒྱབ་ན་འབྲེལ་བ་བྱེད་དགོས་དོན་མེད། ༸གོང་ས་མཆོག་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ཚོ་དང་ལྷན་དུ་མཇལ་འཆར་ཡོད་ཚད་ལ་འགོག་ཐབས་དང་། མཇལ་འཕྲད་རྗེས་དགག་རྒྱག་བྱེད་པ་དེ་ནི་ཅོལ་ཆུང་བྱིས་པའི་ངང་ཚུལ་ཞིག་ཡིན་པ་ལས་སྟོབས་ཆེན་རྒྱལ་ཁབ་ཞིག་གི་བྱེད་སྟངས་ཤིག་ག་ལ་ཡིན། དེས་ན་རྒྱ་ནག་འགོ་ཁྲིད་ཚོས་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ཏེ་གཉིས་སྨན་གྱི་ཐབས་ལམ་དེ་ངོས་ཟིན་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ཚེ། བོད་མི་དང་རྒྱ་ནག་མི་མང་གི་མཐུན་འབྲེལ་དང་བོད་དང་རྒྱ་ནག་གཉིས་ཀར་ཕན་ཐོགས་ཡོང་ངེས་ཡིན།

གཞིས་ལུས་བོད་མི་ཚོས་ལྷག་བསམ་དང་དཔའ་མཛངས་ཆེན་པོའི་ངང་ནས་རྣམ་དཔྱོད་འདོན་བཞིན་པ་དང་། དེ་བཞིན་བྱེས་འཁོད་བོད་མི་རྣམས་ཀྱིས་ལྷག་བསམ་དང་། སེམས་ཤུགས་ཆེར་བསྐྱེད་དང་། རྒྱལ་སྤྱིའི་གྲོགས་པོ་ཚོས་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་འབོད་བསྐུལ་ཞུ་རྒྱུ་བཅས་མདོར་དོན་༸གོང་ས་མཆོག་གི་དགོངས་གཞི་ལྟར་ང་ཚོ་ཚང་མ་ཆིག་སྒྲིལ་གྱིས་ནུས་པ་ཐོན་པའི་ལས་བརྩོན་གནང་དགོས་ཞུ་རྒྱུ། ད་རིང་འདི་གར་མང་གཙོ་དོན་གཉེར་བ་སོགས་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་རིགས་ཁག་གཅིག་ཕེབས་ཏེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་དང་འབྲེལ་བོད་མིར་གདུང་སེམས་མཉམ་བསྐྱེད་མཚོན་པའི་བོད་མིའི་རང་དབང་ལམ་བུ་ཞེས་པའི་དྲན་རྟེན་འདྲ་སྐུའི་རིགས་བཟོ་བསྐྲུན་གནང་སྟེ་བཙན་བྱོལ་བོད་གཞུང་ལ་ཕུལ་འབྱོར་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།

མཐའ་དོན་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བོད་གཞིས་བྱེས་མཉམ་འཛོམས་མྱུར་དུ་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ ལ།། །།

Share with your friends










Submit