ཟླ་བ་ ༦ ཚེས ༢༥ ༢༠༡༠

༢༠༠༩ ཕྱི་ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གཏམ་བཤད། མཁའ་ཁྱབ་སྐྱེ་འགྲོ་ཡོངས་ལ་བརྩེ་བ་ཐུགས་རྗེ་ཆེན་པོས་བུ་གཅིག་པའི་མ་ལྟར་གཟིགས་པའི་འཇིག་རྟེན་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་རང་གཟུགས་འཕགས་མཆོག་མིག་མི་འཛུམ་པ་ཉིད་གསུམ་ལྡན་ངུར་དཔལ་ལྡན་བཀའ་བློན་ཁྲི་ཚབ་མཆོག་ནས་བཀའ་ཤག་གི་གཏམ་བཤད་གནང་བཞིན་པ།ིག་འཛིན་པའི་གཟུགས་སུ་བཟློ་བ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། ཡུལ་གངས་ཅན་པ་རྣམས་ཀྱི་དད་པའི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ། ལྷར་བཅས་སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་ོས་ན་༧རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གཟུགས་སྐུ་མཚན་དཔེའི་དཀྱིལ་འཁོར་མངོན་པར་བལྟམས་ནས་བགྲང་བྱ་བདུན་བཅུ་དོན་བཞི་འཁོར་བའི་འཁྲུངས་ཚེས་ཀྱི་སྐལ་བཟང་དགའ་སྟོན་བླ་ན་མེད་པའི་གོ་སྐབས་འདིར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་སྒོ་གསུམ་རབ་གུས་དང་བ་ཆེན་པོས་ལྷ་ཕྱག་གྲངས་མེད་དང་བཅས་ཏེ་བཀྲ་ཤིས་པའི་འཚམས་ཞུ་དང་། མཁའ་ཁྱབ་སྐྱེ་རྒུའི་མགོན་དཔུང་དམ་པར་ཞབས་ཟུང་ཚེ་མཐའ་ཡས་པའི་ངོ་བོར་ཇི་སྲིད་སྲིད་པའི་ཕྱི་མཐའ་མ་སྟོང་པ་དེ་སྲིད་དུ་བརྟན་པར་བཞུགས་པའི་གསོལ་འདེབས་ཕུར་ཚུགས་སུ་ཞུ་རྒྱུ་ཡིན།

མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱིས་མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང་། ཁྱད་པར་སྙིགས་མའི་རྒུད་ཚོགས་ཀྱི་ལྷག་པར་མནར་བའི་གངས་ལྗོངས་སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུན་ཀུན་ཏུ་དགེ་བའི་ཟབ་རྒྱས་ཆོས་ཀྱི་གདམས་ངག་དང་། ལུགས་གཉིས་འཕྲིན་ལས་ཀྱིས་ཉེ་བར་བསྐྱངས་པའི་བཀའ་དྲིན་གྱི་ཕུང་པོ་རྗེས་སུ་དྲན་པ་དང་ཆབས་ཅིག འབྱུང་འཆར་ཡང་སྐྱེ་འགྲོ་སྤྱི་དང་ཁྱད་པར་མགོན་པོ་གང་གི་གདུལ་ཞིང་དུ་བདག་གིར་གཟུང་བའི་གངས་རི་ལྗོངས་ཀྱི་སྐྱེ་རྒུ་རྣམས་ལ་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པས་ནམ་ཡང་འདོར་བ་མེད་པར་དེང་ནས་བྱང་ཆུབ་སྙིང་པོའི་བར་མཉེས་ཞིང་རྗེས་སུ་འཛིན་པའི་གསོལ་འདེབས་ཀྱང་ཞུ་རྒྱུ་ཡིན།

སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་ད་ལྟའི་བར་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་སུ་བོད་མིའི་ཞི་རྒོལ་དང་དེ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་ཚད་ལས་བརྒལ་བའི་དྲག་གནོན་གྱི་འོག་ལུས་སྲོག་ཤོར་བ་དང་། རྨས་སྐྱོན་བྱུང་བ། མནར་གཅོད་ཕོག་པ། ད་ལྟའང་བཙོན་ཁང་དུ་ཡོད་བཞིན་པའི་བོད་རིགས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་ཐུགས་གསོ། གདུང་སེམས་མཉམ་བསྐྱེད་ཀྱིས་སྒོ་ནས་མཛའ་བརྩེའི་འཚམས་འདྲི་དང་ཆབས་ཅིག ཁྱེད་རྣམ་པའི་རླབས་ཆེན་གྱི་བློས་གཏོང་དེ་དག་ཆུད་ཟོས་སུ་མི་འགྲོ་བའི་ཡིད་ཆེས་ཀྱིས་དབུགས་དབྱུང་ཡང་ཞུ་རྒྱུ་ཡིན།

ཀུན་གྱི་མཁྱེན་གསལ་ལྟར་སྔ་ལོ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཐོག་ཏུ་ཕུལ་ཟིན་པ་དེའི་ནང་བོད་མིའི་འབྱུང་འགྱུར་གྱི་མངོན་འདོད་ཆ་ཚང་གསལ་སྟོན་བྱས་ཡོད་ཅིང་། དེ་ནི་༸གོང་ས་མཆོག་གི་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་དགོངས་འཆར་རྗེས་ཤོས་དེ་ཡིན། འོན་ཀྱང་རྒྱ་ཕྱོགས་ནས་བསམ་འཆར་དེའི་འབྲུ་དོན་ལ་ངོས་ལེན་ནམ་རྒྱུ་མཚན་ལྡན་པའི་འགྲེལ་བརྗོད་མེད་པར་འབྲེལ་མེད་དོན་ གཞན་གྱི་འཁྱོག་བཤད་དང་། ལོ་མང་སྔོན་གྱི་༸གོང་ས་མཆོག་གི་གསུང་བཤད་ཁག་གི་ལུང་འདྲེན་གྱིས་རྒྱལ་སྤྱིའི་མང་ཚོགས་མགོ་བོ་རྨོངས་ཐབས་བྱས་པ་དང་། བོད་ནང་བརྟན་ལྷིང་མི་ཡོང་བའི་ཐབས་ཤེས་བསམ་བཞིན་བྱེད་བཞིན་པ་དེ་དག་ལ་གཞིགས་ན་ད་ལྟའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་མོས་འདུན་ཡོད་མེད་ཀྱི་དྭོགས་གཞི་ཇེ་ཆེར་འགྲོ་བཞིན་པར་བརྟེན། ད་ཆ་རྒྱ་རིགས་མང་ཚོགས་དང་འབྲེལ་ལམ་བྱ་རྒྱུ་གལ་ཆེར་བཟུང་སྟེ་འཛམ་གླིང་ཡུལ་གྲུ་དུ་མར་རྒྱ་བོད་མཛའ་མཐུན་ཚོགས་པ་གསར་འཛུགས་དང་བདེན་པའི་གནས་ཚུལ་དྲིལ་བསྒྲགས་གང་ཐུབ་བྱེད་བཞིན་པ་ལྟར་འབྱུང་འགྱུར་ཡང་གཞུང་མང་ཡོངས་ནས་འདི་ཐོག་ཤུགས་ནུས་བཏོན་གལ་ཆེ།

བོད་རྒྱ་འབྲེལ་མོལ་རྒྱུན་འཁྱོང་བྱ་རྒྱུའི་གྲོས་གཞི་ངེས་གཏན་གྱི་བསམ་འཆར་ཕུལ་ཟིན་པ་འདིའི་ཐོག་ང་ཚོའི་ངོས་ནས་འབྲེལ་མོལ་གནང་རྒྱུའི་གོ་སྒྲིག་ཡོད་མུས་ལྟར། རྒྱ་ནག་གཞུང་གིས་བརྡ་ལན་ནམ་བྱུང་དང་བསྟུན་འབྲེལ་མོལ་མུ་མཐུད་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད།

འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་ཞི་བདེ་ལ་དགའ་བའི་མང་ཚོགས་བོད་ཀྱི་རྩ་དོན་དང་ཆོས་རིག་འཛིན་སྐྱོང་བཅས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་ཡོངས་ལ་གོ་སྐབས་འདི་བཟུང་སྟེ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ལྷག་པར་སྔ་ལོ་ནས་བཟུང་རྒྱ་རིགས་རྩོམ་པ་པོ་དང་མཁྱེན་ལྡན་བོད་དོན་དང་འབྲེལ་བའི་དྲང་བདེན་གྱི་གཏམ་བཤད་དང་རྩོམ་ཡིག་སྤེལ་མཁན་མང་པོ་བྱུང་བ་རྣམས་ལ་ཡང་བཀའ་དྲིན་རྗེས་དྲན་གྱི་སྒོ་ནས་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་ཨོ་སི་ཀྲེ་ལི་ཡའི་སྲིད་དོན་ཚོགས་པ་རིས་མེད་ཀྱི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་སྐུ་ངལ་འཛེམས་མེད་ཀྱིས་བོད་ཀྱི་བདེན་པའི་རྩ་དོན་ལ་རྒྱབ་སྐྱོར་མཚོན་སླད་༸གོང་ས་མཆོག་གི་འཁྲུངས་ཚེས་དང་བསྟུན་ལྷ་སར་ཆེད་ཕེབས་གནང་བར་སྙིང་ནས་བཀའ་དྲིན་རྗེས་དྲན་དང་དགའ་བསུ་ཞུ་རྒྱུ་ཡིན། ད་རེས་གྲོས་ཚོགས་འཐུས་མི་ལྷན་ཚོགས་ལྷ་སར་ཆེད་ཕེབས་གནང་བ་འདི་ནི་ཨོ་སི་ཀྲེ་ལི་ཡའི་གཞུང་མང་གིས་བོད་མིར་ཐུགས་བརྩེ་དང་རྒྱབ་སྐྱོར་གྱི་ངོ་བོ་གསལ་པོ་མཚོན་པ་མ་ཟད། བྱུང་རབས་ཀྱི་དོན་སྙིང་དང་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ ༢༠༠༩ ཕྱི་ཟླ་ ༧ ཚེས་ ༦ ལ།། །།

Share with your friends










Submit