ཟླ་བ་ ༦ ཚེས ༢༥ ༢༠༡༠

༄༅།། ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གཏམ་བཤད། གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ཀྱི་དད་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་གསུམ་མགོན་གསུམ་ལྡན་ངུར་ིག་འཛིན་པའི་གཟུགས་སུ་བཟློ་བ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་ོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་སྙིགས་དུས་འགྲོ་བ་སྤྱི་དང་། ཁྱད་པར་གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ལ་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པས་ཉེ་བར་བསྐྱངས་ཏེ་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ནས་གཟུགས་སྐུ་མཚན་དཔེའི་དཀྱིལ་འཁོར་རྣམ་པར་བཞད་དེ་ལོ་འཁོར་བདུན་བཅུ་དོན་གསུམ་སོན་པའི་སྐུའི་འཁྲུངས་ཚེས་ཀྱི་དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་གཞིས་བྱེས་བོད་མི་རྣམས་ཀྱིས་མཚོན་མགོན་པོ་གང་གི་འཕྲིན་ལས་ཀྱི་ཞོ་ཤས་འཚོ་བའི་མཁའ་ཁྱབ་སྐྱེ་འགྲོ་ཡོངས་ཀྱི་ངོས་ནས་སྒོ་གསུམ་གུས་པའི་ལྷ་ཕྱག་གྲངས་མེད་དང་བཅས་བཀྲ་ཤིས་པའི་འཚམས་ཞུ་དང་སྦྲགས་སྙིགས་ལྔའི་རྒུད་ཚོགས་ཀྱིས་གཟིར་བའི་སྐྱེ་རྒུ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་༸ཞབས་ཟུང་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བསྐལ་བརྒྱར་བརྟན་པར་བཞུགས་པའི་གསོལ་འདེབས་ཕུར་ཚུགས་སུ་ཞུ་རྒྱུ་ཡིན།

མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱིས་ཆེས་སྙིགས་དུས་ཀྱི་རྒུད་པས་མནར་བའི་འཇིག་རྟེན་སྐྱེ་རྒུ་ཡོངས་ལ་འཕྲལ་ཡུན་ཕན་བདེའི་ཚེ་སྲོག་སྱིན་པའི་ཟབ་རྒྱས་གསུང་གི་བདུད་རྩི་རྒྱ་ཆེ་རྒྱུན་མི་ཆད་དུ་འཇོ་བའི་གཞལ་དཀའི་བཀྲིན་གྱི་ཕུང་པོ་རྗེས་སུ་དྲན་པ་དང་ཆབས་ཅིག་འབྱུང་འཆར་ཡང་ཇི་ལྟ་ཇི་ལྟར་སྙིགས་འགྲོའི་བརླང་སྤྱོད་ཆེས་ཆེར་བདོ་བ་དེ་ལྟ་དེ་ལྟར་ཐུགས་བསྐྱེད་ལྷག་བསམ་གྱི་གོ་ཆ་ལྷག་པར་བཞེས་ཏེ་འཇིག་རྟེན་སྐྱེ་རྒུ་སྤྱི་དང་། ཁྱད་པར་མགོན་པོ་གང་ཉིད་ཀྱིས་གདུལ་ཞིང་དུ་བདག་གིར་བཞེས་པའི་ཁ་བ་རི་པའི་སྐྱེ་འགྲོ་རྣམས་ལ་རྗེས་བརྩེའི་ཡེ་ཤེས་གཟིགས་པས་ནམ་ཡང་མ་འདོར་བར་གང་འཚམས་འཕྲིན་ལས་ཀྱི་རོལ་པས་དེང་ནས་བྱང་ཆུབ་སྙིང་པོའི་བར་རྟག་སྐྱོངས་ཡོང་བའི་གསོལ་འདེབས་ཀྱང་ཞུ་རྒྱུ་ཡིན།

སྔ་ལོའི་འཁྲུངས་ཚེས་སྐབས་བཀའ་ཤག་སྐབས་བཅུ་གསུམ་པས་གཞིས་བྱེས་བོད་མི་ཡོངས་ལ་སྤྱི་མཐུན་བསོད་ནམས་གོང་མཐོར་སྤེལ་དགོས་པ་དང་། འཚེ་མེད་ཞི་བའི་ནུས་སྟོབས་སྤེལ་དགོས། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ལོ་གྲངས་བརྒྱ་ཕྲག་འགོར་ཡང་སྒྱིད་ལུག་དང་ཞུམ་པ་ནམ་ཡང་མ་སྐྱེ་བ་དགོས་ལུགས། ལྷག་པར་གཞིས་བྱེས་བོད་མི་ཡོངས་ཀྱིས་བསྒྲུབ་ནུས་པའི་སྒྲུབ་ཕྱོགས་ཀྱི་ལས་རིམ་བཅུ་གཅིག་ཙམ་སྙན་སྒྲོན་ཞུས་ཡོད་པ་དེ་དག་ད་ལམ་བསྐྱར་དུ་དྲན་སྐུལ་ཞུ་རྒྱུ་ལགས་ན་གལ་ཆེའི་རེ་འདུན་དེ་དག་སྙན་རྒྱབ་གྱི་རླུང་ལྟར་མ་སོང་བར་ཐུགས་སྣང་དང་ཕྱག་བསྟར་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་སུ་བོད་མི་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲང་བདེན་མིན་པའི་གཡོན་ཐལ་ཅན་གྱི་སྲིད་བྱུས་ལ་ལུས་སྲོག་བློས་བཏང་གིས་ངོ་རྒོལ་ཤུགས་ཆེ་གནང་བ་དེ་ནི་བོད་མི་རིགས་ཀྱི་སྙིང་སྟོབས་དང་ཆིག་བསྒྲིལ། བོད་མིའི་རྩ་དོན་གྱི་འཐབ་རྩོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ངེས་ཡིན་པ་བཅས་ཀྱི་མཚོན་རྟགས་ཟུབ་ཏུ་མེད་པ་ཞིག་རྒྱལ་སྤྱིའི་སྤྱི་ཚོགས་མདུན་གསལ་སྟོན་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་དྲང་བདེན་དང་ཞི་བདེར་དགའ་བའི་གཞུང་མང་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ་ནི་བློ་སྤོབས་བྱ་ཡུལ་ཞིག་ཡིན་པས་ད་རེས་སླར་ཡང་གཞིས་བཞུགས་བོད་མི་ཡོངས་ལ་ལེགས་སོའི་བསྔགས་བརྗོད་དང་འབྲེལ་ཁྱེད་རྣམ་པའི་ལུས་སྲོག་བློས་བཏང་གི་མཛད་སྤྱོད་དེ་དག་ཆུད་ཟོས་སུ་མི་འགྲོ་བར་ཀུན་སྨན་གྱི་གྲུབ་འབྲས་རླབས་ཆེན་འཐོན་རྒྱུ་ཡིན་པ་ནི་རྒྱུ་འབྲས་མི་བསླུ་བའི་ཆོས་ཉིད་ཡིན།

འདི་ལོ་བོད་སའི་ཁྱོན་ཡོངས་སུ་བྱུང་བའི་བོད་མིའི་ཞི་བའི་ངོ་རྒོལ་ལ་རྒྱ་གཞུང་གིས་བསམ་བརྗོད་ལས་འདས་པའི་དྲག་གནོན་གྱིས་བསད་བརྡུངས་རྨས་གསུམ་དང་། འཛིན་བཟུང་བཙོན་འཇུག་གི་གོད་ཆགས་བོད་མི་སྟོང་ཕྲག་མང་པོར་ཕོག་པ་ནི་ཧ་ཅང་བློ་ཕམ་བྱ་ཡུལ་ཞིག་ཡིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིར་འཛིན་པའི་སྲིད་བྱུས་ཀྱི་གདོང་རིས་གསལ་པོ་མངོན་ཡོད་ཅིང་། ད་དུང་འབྱུང་འགྱུར་བོད་མི་རྣམས་ཀྱི་ལས་དབང་ཇི་འདྲ་ཞིག་ཡོང་རྒྱུར་ང་ཚོར་ཧ་ཅང་བློ་འཚབ་ཆེན་པོ་ཡོད་པས་རྒྱལ་སྤྱིའི་གཞུང་མང་ཡོངས་ལ་གཞིས་བཞུགས་བོད་མི་རྣམས་ཀྱི་ཐོག་རྒྱབ་སྐྱོར་སྔར་བཞིན་རྒྱུན་མཐུད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་གོ་བསྐོན་དང་བསྐུལ་ལྕགས་མུ་མཐུད་གནང་དགོས་ཀྱི་རེ་སྐུལ་ཞུ་རྒྱུ་ཡིན།

ཛ་དྲག་གི་གོ་སྐབས་འདིར་བཙན་བྱོོལ་བོད་མི་ཡོངས་ནས་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཚད་ལྡན་ཚུལ་མཐུན་ཞིག་དགོས་གལ་ལ་བརྟེན། བཀའ་ཤག་གིས་རེ་འདུན་ཇི་ཞུས་ལྟར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་ཁྲིད་འོག་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ཆེད་འཛུགས་ཀྱིས་བཙན་བྱོལ་བོད་མིའི་ལས་འགུལ་ཕལ་མོ་ཆེ་ཆིག་བསྒྲིལ་ནུས་ལྡན་གང་ལེགས་བྱུང་སོང་བར་འབྲེལ་ཡོད་དབུ་མང་ཡོངས་ལ་བཀའ་ཤག་གིས་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང་། དེ་མཚུངས་སླར་ཡང་ཚོགས་ཆུང་ལ་རེ་འདུན་ཞུས་དོན་ལྟར་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་མང་ཚོགས་ཀྱི་ལས་འགུལ་དེ་དག་ཡུན་རིང་རྒྱུན་འཁྱོང་ཐུབ་པ་ཞིག་ངེས་པར་དགོས་པས་རྔམ་སྟོན་སྐད་འབོད་ཙམ་མ་ཡིན་པར་སྒྲུབ་ཕྱོགས་ཀྱི་ལས་རིམ་སྣ་མང་དགོས་གལ་ལ་བརྟེན། ད་ཆ་དེའི་སྐོར་དགོངས་བཞེས་འཕྲལ་དུ་གནང་དགོས་ཀྱི་དུས་ལ་སླེབས་པར་མཐོང་ཞིང་། དེ་ཙམ་དུ་མ་ཟད་གཞིས་བྱེས་བོད་མིའི་ལས་འགུལ་ཇི་འདྲ་ཞིག་ཡིན་ནའང་ངོ་བོ་དང་རྣམ་པ་གཉིས་ཀ་ནས་འཚེ་མེད་ཞི་བའི་ལམ་དང།མི་འགལ་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་མི་འགལ་བ་ཞིག་ཅི་ནས་ཀྱང་དགོས་པ་ཡིན། སྒྲིག་འཛུགས་དང་མི་སྒེར་སུ་འདྲ་ཞིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དང་འགལ་བའི་ལས་འགུལ་ཇི་འདྲ་ཞིག་སྤེལ་ནའང་དེ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང་། བོད་དོན་བདེན་མཐའ་གསལ་ཐབས་ལ་ཕན་ཐོགས་མེད་པར་ངོས་འཛིན་གསལ་པོ་བྱེད་རྒྱུ་ཡིན་པ་བསྐྱར་ནན་ཞུ་རྒྱུ་ཡིན།

བོད་ནང་ཛ་དྲག་གི་གནས་ཚུལ་ཚབས་ཆེ་ཡོད་པའི་སྐབས་སུའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཐུགས་རྗེས་འདོར་མེད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཧུ་ཅིན་ཐའོར་བཀའ་ཡིག་ཆེད་བསྩལ་དང་། འདི་ལོ་ཕྱི་ཟླ་ ༥ ཚེས་ ༤ ཉིན་ཧྲན་ཊེན་དུ་སྐུ་ཚབ་ཆེད་གཉེར་གྱིས་འབྲེལ་ཡོད་རྒྱ་གཞུང་ལས་བྱེད་རྣམས་དང་ལྷན་ནང་མོལ་གྱི་ལམ་ནས་བོད་ལྗོངས་ཛ་དྲག་གི་གནས་བབ་ལས་སྐྱོབ་ཐབས་གནང་ཡོད་པ་མ་ཟད། སྐབས་དེར་མོས་མཐུན་བྱུང་བ་ལྟར་བོད་རྒྱའི་འབྲེལ་མོལ་ཐེངས་བདུན་པ་འདི་ཟླའི་ཚེས་ ༡ དང་ ༢ ཉིན་གཉིས་རིང་པེ་ཅིང་དུ་གནང་ཡོད། འོན་ཀྱང་བློ་ཕམ་བྱ་འོས་པ་ཞིག་ལ་སྔོན་ནས་དྭོགས་གཞི་ཡོད་པ་ལྟར་འབྲེལ་མོལ་ཐེངས་བདུན་པ་དེ་བཞིན་ང་ཚོའི་རེ་འདོད་དང་མཐུན་པ་ཞིག་གཏན་ནས་མ་བྱུང་བའི་ཁར། རྒྱ་གཞུང་ནས་ཕྱོགས་གཅིག་གི་གསལ་བསྒྲགས་རང་འདོད་ཁོ་ན་བརྗོད་པ་དེ་ལ་བློ་ཕམ་ཚད་མེད་བྱུང་ཞིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་བོད་ཀྱི་གནད་དོན་འགྲིགས་ཆགས་ཡོང་ཐབས་གནང་རྒྱུའི་ལྷག་བསམ་དང་ཆོད་སེམས་ཡོད་མེད་ལ་ཐེ་ཚོམ་དེ་སྔ་ལས་ཆེ་བར་གྱུར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཡིན་པ་རྩོད་མེད་ཡོངས་གྲགས་ལ་བརྟེན། འཚེ་བའི་ལམ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐུགས་མོས་སམ་རྒྱབ་སྐྱོར་གནང་གི་མེད་པ་འཇིག་རྟེན་ཡོངས་ཀྱིས་མཁྱེན་གསལ་དང་། བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་འཚོལ་རྒྱུའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་བཞིན་ཐོག རིང་མིན་པེ་ཅིང་དུ་ཚོགས་རྒྱུའི་ཨོ་ལམ་པིཀ་རྩེད་འགྲན་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་གནང་དང་གནང་བཞིན་ཡིན་པའང་ཡོངས་གྲགས་ཡིན་པས་༸གོང་ས་མཆོག་ལ་ཁ་བྲལ་དང་འཚེ་བ། ཨོ་ལོམ་པིཀ་རྩེད་འགྲན་ལ་གནོད་སྐྱོན་གཏོང་རྒྱུའི་ལས་དོན་མཚམས་འཇོག་དགོས་པའམ་དེ་དག་ལ་རྒྱབ་སྐྱོར་མི་གནང་བའི་འབོད་ཚིག་བསྒྲགས་པ་ནི་ཤེས་པ་རྣལ་དུ་གནས་པའི་གང་ཟག་གིས་བཤད་པའི་གཏམ་ཞིག་མིན་པ་བསམ་མེད་བྱིས་པ་ཡན་ཆད་ཀྱིས་གསལ་རྟོགས་ཐུབ་པ་ཞིག་ཡིན་པས་ལན་འདེབས་དང་འགྲེལ་བརྗོད་བྱ་འོས་སུ་མ་མཐོང་། ༸གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཐོག་མཐའ་བར་གསུམ་དུ་ཕྱི་གསལ་ནང་གསལ་འགྱུར་མེད་རྒྱུན་གནས་ཡིན། དབུ་མའི་ལམ་གྱི་ཡང་དག་པའི་སྲིད་བྱུས་འོག་ཁ་བྲལ་མི་རྩོད་པ་དང་། འཚེ་བ་མི་བྱེད་པ། གོ་སྐབས་དང་བསྟུན་ཏེ་འབྲེལ་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུའི་དམ་བཅའ་གསུམ་པོ་ནི་འགྱུར་མེད་རྒྱུན་འཁྱོང་བྱ་རྒྱུ་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་བོད་དོན་འགྲིགས་ཆགས་ཡོང་ཐབས་ཆེད་ཞི་མོལ་གྱི་ལས་རིམ་དང་དེའི་ཁོར་ཡུག་བསྐྲུན་རྒྱུ་བཅས་ལ་ལྷག་བསམ་རྣམ་དག་གིས་འབད་རྩོལ་ཚད་མེད་ཞུས་ཡོད་པ་མ་ཟད། ཉེ་ཆར་བོད་དུ་ལྷིང་འཇགས་མེད་པའི་གནས་ཚུལ་ཚབས་ཆེའི་སྐབས་སུའང་བརྟན་ལྷིང་བསྐྱར་གསོ་ཡོང་ཐབས་དང་། གཞིས་བཞུགས་བོད་མིའི་སྡུག་བསྔལ་སེལ་ཐབས་ཆེད་འབད་རྩོལ་ཧ་ཅང་ཤུགས་ཆེ་ཞུས་ཡོད། དེ་མཚུངས་རྒྱ་ཕྱོགས་ནས་ཀྱང་འབྲེལ་མོལ་གྱི་ལས་རིམ་ལ་ལྷག་བསམ་རྣམ་དག་ཡིན་ཚེ་དེའི་ཁོར་ཡུག་སྐྲུན་ཐབས་སུ་མཉམ་རུབ་ངེས་པར་དུ་གནང་དགོས། དེའི་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་དུ་བརྟན་ལྷིང་དང་འཆམ་མཐུན་ཡོང་ཆེད་དྲག་གནོན་དང་རྡུང་རྡེག་མནར་གཅོད་དང་། འཛིན་བཟུང་བཙོན་འཇུག་བཅས་ཀྱི་བྱ་བ་ཚང་མ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། དགོན་སྡེ་ཁག་ཏུ་བརྟན་ལྷིང་མེད་པ་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཚད་ལས་བརྒལ་ཞིང།ཐལ་ཆ་ཆེ་བའི་ཆབ་སྲིད་ཀྱི་སློབ་སྟོན་དང་ཆོས་ཕྱོགས་ཀྱི་བྱ་བ་ལ་དོན་མེད་ཐེ་བྱུས་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ། ཡར་རྒྱས་དང་འཛུགས་སྐྲུན་ལ་བསྙད་དེ་བོད་ཀྱི་ས་བཅུད་དང་ཁོར་ཡུག་ལ་གནོད་གཞིའི་འཛུགས་སྐྲུན་དང་། གཏེར་ཁ་སྔོག་འདོན། ཞིང་འབྲོག་གོ་བརྗེས། མི་འབོར་སྤོ་ཤུད་སོགས་འཕྲལ་དུ་མཚམས་འཇོག་དགོས་པ་བཅས་ཀྱི་འབོད་སྐུལ་ནན་པོ་བྱེད་རྒྱུ་ཡིན།

ད་རེས་འབྲེལ་མོལ་ཐེངས་བདུན་པའི་སྐབས་འདི་ལོ་ཕྱི་ཟླ་ ༡༠ ཟླ་མཇུག་ཚུན་འབྲེལ་མོལ་ཐེེངས་བརྒྱད་པ་གནང་རྒྱུ་དང་། སྐབས་དེར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་བོད་དུ་ལག་བསྟར་བྱེད་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུའི་མོས་མཐུན་བྱུང་བ་ནི་ད་ལྟའི་གནས་སྐབས་སུ་བཟང་ཕྱོགས་ཀྱི་གོམ་བགྲོད་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏམ་བཤད་ཙམ་མ་ཡིན་པར། མཛད་ཕྱོགས་ལ་གཞིགས་ཏེ་འབྲེལ་མོལ་རྗེས་མའི་གོ་སྒྲིག་བྱེད་རྒྱུ་ཡིན།

འོན་ཀྱང་ལན་མང་ནན་བརྗོད་ཟིན་པ་ལྟར་བོད་རྒྱའི་འབྲེལ་ལམ་གྱི་གླེང་གཞི་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་གནས་ཚུལ་ཁོ་ན་ཡིན་པ་ལས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་སྒེར་གྱི་གནས་བབ་བམ། ཡང་ན་༸གོང་ས་མཆོག་གི་ཉེ་འཁོར་དུ་ཡོད་པའི་བོད་མི་ཉུང་ཤས་ཤིག་གི་གནས་བབ་དང་འབྲེལ་བ་གཏན་ནས་མེད་ཅིང་། དེ་དག་གི་སྐོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འབྲེལ་མོལ་ཞུ་དགོས་པའི་དོན་གནད་སྣེ་གཅིག་མེད་ཅེས་ཚིག་ཐག་ཆོད་པོས་བསྐྱར་བརྗོད་བྱེད་རྒྱུ་ཡིན།

འདི་ལོ་ཕྱི་ཟླ་ ༥ པའི་ནང་ཟི་ཁྲོན་ས་ཁུལ་དུ་ས་ཡོམ་གྱི་འཇིགས་པས་རྒྱ་བོད་མི་རིགས་འབུམ་ཚོ་མང་པོར་སྐུ་ངལ་སྐུ་ངལ་ཚབས་ཆེ་བྱུང་འདུག་པར་བློ་ཕམ་ཆེན་པོས་ཐུགས་གསོ་ཞུ་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཙན་བྱོལ་བོད་མི་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་དང་། བརྒྱུད་ལམ་འདྲ་མིན་བརྒྱུད་གུན་སྐྱོབ་ཞལ་འདེབས་ཀྱང་མི་དམན་པ་ཕུལ་ཡོད།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བཙན་གནོན་མནར་གཅོད་འོག་ཚུད་པའི་བོད་རིགས་རྣམས་མྱུར་དུ་སྡུག་བསྔལ་ལས་འགྲོལ་བ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་དང་བཅས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ ༢༠༠༨ ཕྱི་ཟླ་ ༧ ཚེས་ ༦ ལ།། །།

Share with your friends










Submit