༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨། ཙམ་གྱི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཊི་ཝི་ཊར་ (Twitter) དྲྭ་རྒྱའི་བརྒྱུད་ནས་རྒྱ་ནག་སྐམ་སའི་རྒྱ་རིགས་ཁག་གཅིག་གི་ཆེད་དོན་དྲི་བར་བཀའ་ལན་མཛད་ཡོད། དེ་ཡང་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཝང་ལི་ཞུང་ (Wang Lixiong) ལགས་ཀྱིས་དྲྭ་རྒྱའི་ཐོག་རྒྱ་ནག་སྐམ་སའི་ནང་ཡོད་པའི་རྒྱ་རིགས་དྲྭ་རྒྱ་བདེ་སྤྱོད་བྱེད་མཁན་མི་གྲངས་ ༡༢༥༣ ཙམ་གྱི་༸གོང་ས་མཆོག་ལ་ཆེད་དོན་དྲི་བ་ ༢༨༩ ཙམ་ཕུལ་ཡོོད་པ་ནས་མི་གྲངས་ ༡༢༤༧༣ ཙམ་ལ་དྲི་བ་འདེམས་ཁ་བྱས་བཅུག་མཐར་གཙོ་གནད་ཅན་གྱི་དྲི་བ་ ༢༥༠ ཙམ་ལ་༸གོང་ས་མཆོག་གིས་བཀའ་ལན་མཛད་ཡོད་པ་དེ་དག་སྐུ་ཞབས་ཝང་ལི་ཞུང་གིས་རྒྱ་སྐད་ཐོག་རྒྱ་ནག་སྐམ་སའི་ནང་ཡོད་པའི་རྒྱ་རིགས་ཚོར་དྲྭ་ལན་གནང་ཡོད། གཙོ་གནད་ཅན་གྱི་དྲི་བ་འགའ་ཞིག་ཕྱི་ཚེས་ ༢༡ སྔ་དྲོར་སྐུ་ཞབས་ཝང་ལི་ཞུང་ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ཕུལ་ཡོད་པ་རྣམས་ལ་༸གོང་ས་མཆོག་གིས་བཀའ་ལན་མཛད་ཡོད། སྤྱིར་རྒྱ་ནག་ནང་ཊི་ཝི་ཊར་དྲྭ་རྒྱར་དམ་བསྒྲགས་བྱེད་བཞིན་ཡོད་ཀྱང་ (Google Moderator) བརྒྱུད་ཕྱིའི་གནས་ཚུལ་རྣམས་རྒྱ་ནག་སྐམ་སའི་ནང་བསླེབས་ཐུབ་ཀྱི་ཡོད།