༢༠༡༠ ཕྱི་ཟླ་ ༥ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༤ ཉིན་ཨོ་སི་ཊོ་ལི་ཡའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི (sydney) ཉེ་འགྲམ་དུ་ཡོད་པའི་བྱང་ཕྱོགས་རྒྱ་མཚོའི་ཆུ་ངོགས་ཀྱི་ས་ཁུལ་ (Northern Beach) གྱི་ (FM) རླུང་འཕྲིན་ནང་བོད་སྐད་གསར་འགྱུར་ཤོད་རྒྱུའི་ལས་རིམ་ཞིག་འགོ་བཙུགས་ཡོད་འདུག (FM) རླུང་འཕྲིན་དེའི་ནང་ཐཡེ་ཡུལ་སྐད་དང་། རྒྱ་སྐད། ཕི་ལི་ཕིན་བཅས་ཀྱི་སྐད་ཡིག་ནང་གསར་འགྱུར་རྒྱང་སྲིང་ཞུ་མུས་ཡིན་འདུག བོད་སྐད་གསར་འགྱུར་ལས་རིམ་གསར་འཛུགས་གནང་བ་དེ་ནི་ས་ཁུལ་དེའི་ནང་བོད་མི་གྲངས་ ༤༠༠ ཙམ་གནས་སྡོད་བྱེད་བཞིན་ཡོད་པ་རྣམས་ཀྱི་ཆེད་དུ་ཡིན་ཞིང་། བོད་སྐད་གསར་འགྱུར་ལས་རིམ་བདུན་ཕྲག་གཅིག་གི་རེས་གཟའ་ཕུར་བུ་དང་རེས་གཟའ་ཉི་མ་ཇི་ཡིན་ལ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་རྒྱང་བསྲིང་ཞུ་རྒྱུ་ཡིན་འདུག ད་ལྟའི་ཆར་བོད་སྐད་གསར་འགྱུར་ལས་རིམ་དེར་ཕྱག་ལས་གནང་མཁན་ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ལས་ཁང་ནང་ཕྱག་ལས་གནང་མཁན་བློ་བཟང་ལུང་རྟོགས་ར་ལོ་དང་ནོར་བུ་དགྲ་འདུལ་གཉིས་ཡིན་འདུག་པ་བཅས།།