༢༠༡༠ ཟླ་ ༥ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༣༠ ནས་ཟླ་བ་ ༥ ཚེས་ ༢ བར་ཐེ་ཝན་རྒྱལ་ས་ཐེ་པེའི་ནང་ཨེ་ཤི་ཡའི་ཞི་བདེ་ལྗང་ཁུ་ཚོགས་པའི་ (Asia Pacific Greens Network Congress) ཁོར་ཡུག་གི་ཚོགས་ཆེན་ཐེངས་གཉིས་པ་དེ་ཚོགས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་ ༢༠ ཙམ་གྱི་སྐུ་ཚབ་འཐུས་མི་ ༢༠༠ ཙམ་ཉིན་གཉིས་ཀྱི་ཚོགས་འདུར་མཉམ་ཞུགས་གནང་ཡོད། ཁོར་ཡུག་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་ཚན་པའི་སྐུ་ཚབ་འཐུས་མི་དོན་གྲུབ་སྒྲོལ་མ་བར་མཚོ་ལགས་དང་། ཁོར་ཡུག་ཆེད་ལས་པ་བསྟན་འཛིན་ནོར་བུ་ལགས་གཉིས་ཀྱང་མགྲོན་འབོད་གནང་ཡོད། ཨེ་ཤི་ཡའི་ཞི་བདེ་ལྗང་ཁུ་ཚོགས་པ་ནི་ཞི་བདེ་རྒྱ་མཚོ་དང་ཨེ་ཤི་ཡའི་མངའ་ཁུལ་དུ་ཡོད་པའི་རྒྱལ་ཁབ་ཁག་གི་ལྗང་ཁུ་ཚོགས་པ་དང་། སྤྱི་ཚོགས་དང་ཁོར་ཡུག་ལྷན་ཚོགས་ལས་གྲུབ་པའི་སྤྱི་མཐུན་ཚོགས་པ་ཞིག་ཡིན། ཐེངས་འདིའི་ཁོར་ཡུག་ཚོགས་ཆེན་ཐོག་བོད་པའི་སྐུ་ཚབ་གཉིས་ཀྱིས་བོད་དེ་འཛམ་གླིང་གི་སྣེ་གསུམ་པ་ཡིན་པའི་གསལ་བཤད་དང་སྦྲགས་བོད་ནང་གི་ཁོར་ཡུག་དེ་ཇི་ཙམ་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པའི་སྐོར་ལ་གསལ་སྟོན་གནང་ཡོད། ཚོགས་འདུ་ཉིན་གཉིས་པའི་སྐབས་རྒྱ་གར་གྱི་ཁོར་ཡུག་མཁས་ལས་ཀྱི་མི་སྣ་གྲགས་ཅན་ལྕམ་སྐུ་ན་ལྷ་ན་ཤི་བ་ (Vandana Shiva) ལགས་ཀྱིས་མཐོ་སྒང་བོད་ཀྱི་ཁོར་ཡུག་དེ་ཇི་ཙམ་གལ་ཆེན་པོ་ཡིན་སྐོར་དང་། མཐོ་སྒང་བོད་ཀྱི་འཁྱགས་རོམ་བཞུར་ཚད་དེ་ཉེན་ཁའི་མཚམས་ལ་བསླེབ་ཡོད་པ་མ་ཟད། བོད་ནས་བྱུང་བའི་གཙང་པོའི་ངོགས་ཀྱི་ས་ཁུལ་ཁག་ལ་ཆུ་དཀོན་པོ་ཆགས་རྒྱུའི་ཉེན་ཁ་ཆེན་པོ་ཆགས་པའི་གནས་ཚུལ་དེ་དག་ཞིབ་ཕྲ་གསལ་བཤད་གནང་ཡོད། དེ་བཞིན་ཚོགས་ཆུང་ཆ་བགོས་ཀྱི་ཚོགས་ཐུན་སྐབས་བོད་པའི་སྐུ་ཚབས་གཉིས་ཀྱིས། མཐོ་སྒང་བོད་ཀྱི་ཁོར་ཡུག་འགྱུར་འགྲོས་དང་བོད་ཀྱི་འབྲོག་པ། ཞེས་པའི་བརྗོད་གཞི་དང་འབྲེལ་བའི་ཟབ་སྦྱོང་ཞིག་ཀྱང་གོ་སྒྲིག་ཞུས་ཐུབ་པ་བྱུང་འདུག་པ་བཅས།།