༢༠༡༠ ཟླ་ ༥ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༤ ཉིན་ཉི་ཧོང་རྒྱལ་ས་ཊོཀ་ཁྱོའི་ཤིན་ཇུ་ཀུའི་ (Shinjuku) ས་ཁུལ་ནང་ཡོད་པའི་ཇོན་ཇི་ (Joenji) ནང་པའི་དགོན་པར་བོད་རིགས་དང་ཉི་ཧོང་གི་མི་མང་ ༦༠ ཙམ་འདུ་འཛོམས་ཐོག་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་བདུན་ཚིགས་གསུམ་པར་བཀའ་ཤག་གིས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༦ ཉིན་གལ་ཆེའི་འབོད་སྐུལ་གྱི་གསལ་བསྒྲགས་གནང་བ་བཞིན་མཆོད་འབུལ་དང་སྨོན་ལམ་གསོལ་འདེབས་རྒྱ་ཆེ་གནང་ཡོད། སྐབས་དེར་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་མགོ་ལགས་ཀྱིས་ས་ཡོམ་གྱི་གོད་ཆག་དང་། སྤྱིར་བཏང་བོད་ཀྱི་གནས་སྟངས་སྐོར་གསུང་བཤད་གནང་ཡོད། དེ་བཞིན་ཁོང་གིས་སྨོན་ལམ་འདི་བཞིན་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཕོག་པ་ཁོང་ཚོའི་ཆེད་དུ་ཡིན་པ་ཙམ་མ་ཟད། མ་འོངས་པར་འཛམ་གླིང་ས་ཕྱོགས་གང་དུའང་རང་བྱུང་གི་རྐྱེན་ངན་འདི་རིགས་བསྐྱར་དུ་མི་ཡོང་བའི་ཆེད་དུ་ཡིན། སྨོན་ལམ་གསོལ་འདེབས་ཆུ་ཚོད་གཉིས་ཙམ་རིང་ཚོགས་སྐབས་ཉི་ཧོང་མི་མང་ཚོས་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་བདུན་ཚིགས་བཞི་པར་བསྐྱར་དུ་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།