ཟླ་བ་ ༥ ཚེས ༡༣ ༢༠༡༠

༄༅། མཚུངས་མེད་ས་གནས་འགོ་འཛིན་རྣམ་པ་གང་དེར།

ཆེད་ཞུ།

ཇི་ལྟར་དགོངས་མངའ་བཞིན། ལོ་ཤས་སྔོན་ནས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མི་རང་ཡུལ་དུ་གཉེན་འཕྲད་བསུ་ལེན་བྱ་རྒྱུའི་དམིགས་བསལ་སྲིད་བྱུས་ཀྱི་གོ་སྐབས་དང་བསྟུན་རང་རིགས་མི་ཉུང་བ་ཞིག་བོད་ནང་གཉེན་འཕྲད་དུ་བསྐྱོད་མུས་ཀྱང་། བཙན་བྱོལ་བོད་མི་རྣམས་རང་ཡུལ་དུ་གནས་མ་ཐུབ་པར་བྲོས་བྱོལ་དུ་ཡོང་དགོས་བྱུང་བའི་སྲིད་དོན་གྱི་སྐྱབས་བཅོལ་བ་ཤ་སྟག་ཡིན་སྟབས་གནས་ཡུལ་ཁྲིམས་ལུགས་དང་བསྟུན་ཏེ་འགྲོ་བཟོ་སྡོད་མཁས་བྱ་རྒྱུ་ཧ་ཅང་གལ་ཆེ་ཡང་། བར་ལམ་ཞིག་ནས་བོད་མི་ཁག་གཅིག་གིས་རྒྱ་གར་དབུས་གཞུང་གིས་རྒྱ་གར་ནས་ཕྱི་བསྐྱོད་དགོས་རིགས་ངོ་སྤྲོད་ལག་འཁྱེར་ I.C. སྟེང་ཐོངས་མཆན་ཞུ་དགོས་པ་དང་། སྐྱབས་བཅོལ་ལག་འཁྱེར་ R.C. ཐོག་ཐོན་མཆན་ཞུ་དགོས་ཀྱི་ལམ་སྟོན་སྔ་རྗེས་གནང་བ་བཞིན་བཀའ་ཤག་གིས་ཕྱི་ལོ་ ༢༠༠༥།༡༠།༢༨ འཁོད་ལམ་སྟོན་བཀོད་རྒྱ་ས་འགོ་ཡོངས་ལ་བཏང་ཡོད་པ་དེ་དག་ལ་ཐུགས་སྣང་ཙམ་མེད་པར་རང་གར་བསྐྱོད་མུས་དེ་ལྟར་མུ་མཐུད་བྱས་ན་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མ་མཐུན་པ་མ་ཟད། སླད་རྒྱ་གར་ནང་ཕྱིར་ལོག་བྱ་རྒྱུར་དཀའ་ངལ་ཡང་འཕྲད་མ་སྲིད་པ་མིན་སྟབས་ངེས་པར་འབྲེལ་ཡོད་ལས་ཁུངས་སོ་སོར་ཆོག་མཆན་དང་སྙན་སེང་ཞུ་དགོས་རིགས་དུས་ཐོག་ངེས་པར་ཞུ་གལ་དང་། འབྱུང་འགྱུར་བཙན་བྱོལ་བོད་མི་སྤྱི་ཡོངས་ལ་དཀའ་ངལ་འཕྲད་གཞིའི་རིགས་མི་འབྱུང་བ་བྱ་རྒྱུར་རང་དོན་རང་གཅེས་ཀྱིས་ལམ་སྟོན་ཡིག་ཆ་གཞིར་བཟུང་ལག་ལེན་བསྟར་རྒྱུར་ཚང་མས་དོ་སྣང་དང་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་དང་། བོད་ནང་གཉེན་འཕྲད་དུ་བསྐྱོད་མི་ཡོངས་ནས་ཟུར་ཡོད་འགེངས་ཤོག་བཀངས་ཏེ་ཁུངས་སོ་སོའི་ས་གནས་འགོ་འཛིན་བརྒྱུད་བོད་གཞུང་བདེ་སྲུང་ལས་ཁུངས་སུ་འབུལ་དགོས་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ།

བཀའ་དྲུང་ཡིག་ཚང་ནས།

ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༣ ལ།།

Share with your friends










Submit