༢༠༡༠ ཕྱི་ཟླ་ ༥ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༣ ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ཨིན་ཌི་ཡ་ནའི་ས་ཁུལ་བུ་ལུ་མིན་ཊོན་ནང་རྟེན་གཞི་བྱས་པའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་སྐུ་འབུམ་བྱམས་བརྩེ་གླིང་དུ། ཤེས་རབ་སྙིང་པོའི་བཀའ་ཆོས་ལེགས་པར་གྲུབ་བསྟུན། འཛམ་གླིང་ཕྱི་ནང་གི་གསར་འགོད་པ་ ༢༠ ཙམ་འདུ་འཛོམས་ཐོག་སྤྱི་ཚོགས་ནང་གསར་འགོད་པ་ཚོར་འགན་ཇི་ཡོད་ངོ་སྤྲོད་དང་། གསར་འགྱུར་བརྒྱུད་ལམ་ནས་མང་ཚོགས་ཀྱི་ཤེས་ཡོན་གོང་མཐོར་བཏང་བའི་ཐོག་འགྲོ་བ་མིའི་རིན་ཐང་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ་གྱི་སྤྱི་ཚོགས་ཤིག་བསྐྲུན་དགོས་སྐོར་གྱི་འགན་ཁུར་དེ་གཉིས་ལག་བསྟར་ཡོང་བར་བྱམས་བརྩེའི་བསམ་པ་གོང་འཕེལ་གཏོང་རྒྱུ་དེ་འབྲེལ་བ་ཆགས་ཡོད་པ་མ་ཟད། དེ་བརྒྱུད་ནས་འཚེ་མེད་ཞི་བ་དང་འབྲེལ་བ་ཆགས་ཡོད། རིན་ཐང་དེ་དག་གཞི་རྩ་རྒྱ་གར་ནས་དར་བ་ཞིག་ཡིན་པ་དང་། མགོན་པོ་གང་ཉིད་མཆོག་རིན་ཐང་དེ་དག་བརྡ་ལན་སྤྲོད་མཁན་གྱི་བང་ཆེན་ལྟ་བུ་ཡིན་སྐོར་བཀའ་སྩལ། དེ་རྗེས་༸གོང་ས་མཆོག་གིས་གསར་འགོད་པའི་དྲི་བར་བཀའ་ལན་མཛད། དེ་ཡང་ཐོག་མར་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་སྐུ་གཤེགས་པ་དང་། ཁོང་གི་ཡང་སྲིད་ཐོག་༸གོང་ས་མཆོག་གི་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས།
སྟག་འཚེར་རིན་པོ་ཆེ་མཆོག་ལྷག་བསམ་རྣམ་དག་དང་གུས་བཀུར་ལྡན་པ་ཞིག་ཡིན། ཁོང་སྐུ་གཤེགས་སྐབས་དགུང་ལོ་བགྲེས་པོ་ཡིན་པས་ཡོངས་གྲགས་སུ་མི་ཚེའི་དུས་ཡུན་རྫོགས་མཚམས་ལྟ་བུ་ཞིག་ཆགས་ཡོད། ད་ཆ་ཆོས་ཚོགས་ཀྱིས་རིན་པོ་ཆེའི་དགོངས་བཞེས་དེ་དག་སྒྲུབ་བཞིན་ཡོད་པར་ཐུགས་ དགྱེས་ཚོར་བྱུང་བའི་བཀའ་ལན་སྩལ། དེ་བཞིན་རིན་པོ་ཆེའི་ཡང་སྲིད་དང་འབྲེལ་ནས་བཀའ་སྩལ་དོན། ཡང་སྲིད་འཚོལ་ཞིབ་བྱ་རྒྱུའི་ལས་གཞི་དེ་ལོ་རྗེས་མ་འགོ་བརྩམ་སྲིད། ཡོངས་གྲགས་སུ་བླ་མ་གཤེགས་ནས་ལོ་གསུམ། བཞི་ཕྱིན་རྗེས་ཡང་སྲིད་འཚོལ་ཞིབ་བྱ་རྒྱུའི་ལམ་སྲོལ་ཡོད། ད་ལྟའི་ཆར་ཡང་སྲིད་གང་དུ་འཁྲུངས་མིན་ས་ཕྱོགས་ངེས་གཏན་མེད་ཅེས་བཀའ་སྩལ།
དེ་རྗེས་༸གོང་ས་མཆོག་ལ་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་གི་འཆར་སྣང་སྐོར་གྱི་དྲི་བར་མགོན་པོ་གང་ཉིད་མཆོག་གིས་ནང་པའི་ཆོས་ཚོགས་དེ་དག་བསླབ་པ་སློབ་གཉེར་བྱེད་སའི་བསྟི་གནས་ཤིག་ཆགས་དགོས་པ་ལས་ཕྱག་མཆོད་འབུལ་བྱེད་ཡུལ་ཙམ་ཞིག་ཆགས་ན་མི་འགྲིིག་པའི་དགོངས་ཚུལ་ཡོད་སྐོར་བཀའ་སྩལ། དེ་བཞིན་༸གོང་ས་མཆོག་གིས་དེང་སང་ཚན་རིག་པ་དང་ནང་པའི་དབར་བགྲོ་གླེང་བྱེད་ བཞིན་པའི་དཔེ་མཚོན་དང་འབྲེལ་ནས་ནང་པའི་ལྟ་གྲུབ་ལ་དོ་སྣང་སྤྲོད་མཁན་དེང་དུས་ཚན་རིག་པ་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། ཐོག་མའི་ཆར་ཕེ་རེན་སེ་སི་ཀོ་ཝ་ལེ་རའི་ (Francesco Valera) གཙོས་པའི་ཚན་རིག་པ་ཉུང་ཤས་ཤིག་དང་ནང་པའི་དབར་བགྲོ་གླེང་འགོ་བརྩམས་ཡོད་པ་ དང་། དེ་ནས་རིམ་པས་རྒྱ་བསྐྱེད་ཕྱིན་ནས་ད་ལྟའི་ཆར་ཝི་སི་ཀོན་སིན་ (Wisconsin) སི་ཊན་ཕོ་ཌ། (Stanford) ཨེ་མོ་རི། (Emory) བཅས་གཙུག་ལག་སློབ་ཁང་གསུམ་གྱི་ནང་དུ་ནང་པ་དང་ཚན་རིག་དབར་བགྲོ་གླེེང་བྱ་རྒྱུའི་གནད་དོན་དེ་དག་ཐོག་ཉམས་ཞིབ་ཀྱི་ལས་གཞི་དམིགས་བསལ་བ་ཞིག་འགོ་བརྩམས་ཟིན་ཞེས་བཀའ་སྩལ།
དེ་རྗེས་མ་འོངས་པར་ཏཱ་ལའི་བླ་མའི་གོ་ས་དང་། ༸གོང་ས་མཆོག་གི་ཡང་སྲིད་སྐོར་གྱི་དྲི་བར་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་ ༡༩༦༩ ཙམ་ནས་མ་འོངས་པར་ཏཱ་ལའི་བླ་མའི་གོ་ས་གནས་མིན་ནི་འབྲེལ་ཡོད་བོད་རིགས་དང་། སོག་རིགས། དེ་བཞིན་ཧི་མ་ལའི་རི་རྒྱུད་ཀྱི་ནང་པ་ཚོས་ཐག་གཅོད་བྱེད་རྒྱུ་དང་། ཡང་སྲིད་འཚོལ་ཞིབ་བྱ་རྒྱུའི་ལམ་ལུགས་དེ་ནི་ཡང་ན་སྲོལ་རྒྱུན་དང་། དེ་མིན་བླ་མ་ཚོའི་ནང་ནས་གཅིག་འདེམས་སྒྲུག་རྒྱག་རྒྱུ་ཡིན་སྐོར་དང་། མི་རབས་གསར་པའི་བླ་མ་ཚད་ལྡན་ཤེས་ཡོན་ཅན་དེ་འདྲ་འགའ་ཤས་ཆོས་བརྒྱུད་ཚང་མའི་ནང་ནས་འཐོན་བཞིན་ཡོད་སྐོར་བཀའ་སྩལ། དེ་རྗེས་ཨ་རིས་ནང་ཆོས་ནས་བློ་སྐྱེས་ལེན་དགོས་པ་གང་ཡོད་ཀྱི་དྲི་བར་༸གོང་ས་ མཆོག་གིས་བཀའ་ལན་སྩལ་དོན།
དྲི་བ་དེ་གལ་ཏེ་ནུབ་ཕྱོགས་པ་ཚོར་ནང་ཆོས་དགོས་ངེས་ཅན་ཞིག་ཆགས་ཡོད་མེད་ཀྱི་དོན་ཡིན་ན་དེ་འདྲ་གང་ཡང་ཆགས་མེད། ཉེ་ལམ་ངོས་རང་ཛུ་རིཀ་ནང་ཚན་རིག་པ་ཁག་གཅིག་དང་ཐུག་འཕྲད་ཀྱིས་བགྲོ་གླེང་ཚོགས་འདུའི་སྐབས་ཚན་རིག་པ་དེ་ཚོས་དེང་དུས་དཔལ་འབྱོར་ལམ་ལུགས་ནང་ནང་ཆོས་འབྲེལ་བ་ཡོད་སྐོར་བརྗོད་ཡོད་པ་མ་ཟད། སྐབས་དེར་ཚན་རིག་པ་གཅིག་གིས་ནང་ཆོས་ནས་གསུངས་པའི་གཞན་ཕན་གྱི་བསམ་བློ་དེ་ཧ་ཅང་འབྲེལ་བ་ཆེ་ཚུལ་བརྗོད་ཀྱི་འདུག་ཅེས་བཀའ་སྩལ་བ་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་སྤྱིར་ནང་ཆོས་ལ་ནང་པའི་ཚན་རིག་དང་། ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག ནང་ཆོས་དང་འབྲེལ་བའི་ཉམས་ལེན་གྱི་རྣམ་གཞག་བཅས་ཆ་གསུམ་དུ་ཕྱེ་གནང་མཛད་བཞིན་ ཡོད་སྐོར་དང་། ཆོས་ལུགས་རྐྱང་པའི་ཐོག་ནས་བརྗོད་ན་ནུབ་ཕྱོགས་རྒྱལ་ཁབ་ནང་ཇུ་ཌོ་ཁིར་ཤེན་ (Judeo-Christian) དར་སྲོལ་བྱུང་ཡོད་པས་དེ་རང་འཚམས་པ་ཞིག་ཆགས་ཡོད་ཀྱང་། ནང་པའི་ཚན་རིག་དང་ལྟ་གྲུབ་རྣམ་གཞག་དེ་དག་ཆོས་ལུགས་རྐྱང་པའི་རྣམ་གཞག་ལས་ བརྒལ་ཏེ་ཀུན་ཁྱབ་ཀྱི་རྣམ་གཞག་གཅིག་ཆགས་ཡོད་པར་སོང་། ནང་པ་སངས་རྒྱས་པ་ཡིན་མིན་གཉིས་ཀས་སློབ་སྦྱོང་བྱས་ན་ཕན་ཐོགས་ཡོད་སྐོར་བཀའ་སྩལ། དེ་རྗེས་རང་གི་མ་གསར་འགོད་པ་ཡིན་པ་དང་ལྷན་དུ་ཡོང་བའི་བྱིས་པ་ཞིག་གིས་རྒྱ་མི་བོད་ནས་ཕྱིར་འཐེན་བྱེད་རྒྱུར་དུས་ཡུན་ཇི་ཙམ་འགོར་མིན་དང་། དེ་འདྲ་ཞིག་ཡོང་བར་གང་བྱེད་དགོས་ཀྱི་དྲི་བར་༸གོང་ས་མཆོག་གིས། དྲི་བ་འདི་དཀའ་ལས་ཁག་པོ་ཞིག་རེད་ཅེས་བཀའ་སྩལ། འོན་ཀྱང་གསར་འགོད་ལྷན་ཚོགས་གྲུབ་བསྟུན་བོད་ནང་གི་ཆབ་སྲིད་གནད་དོན་རྣམས་བྱིས་པ་དེར་དཀའ་སྩལ་ནས་ད་ལྟ་རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་པར་བརྟེན་བོད་མི་ཚོའི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཞོན་ནུ་དེའི་མི་ཚེའི་རིང་མཐོང་ཐུབ་པ་ཞིག་ཡོང་སྲིད་སྐོར་བཀའ་སྩལ་ཡོད།