༢༠༡༠ ཟླ་ ༥ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་ས་བཞུགས་སྒར་ནས་ཨ་རིར་ཆིབས་སྒྱུར་བཀྲིན་སྐྱོང་སྐབས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ནས་དགའ་དད་སྤྲོ་གསུམ་གྱིས་ལག་ཏུ་སྤོས་སྣེ་དང་། དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད། དེ་ཡང་ཨ་རིའི་མངའ་ཨིན་ཌི་ཡ་ནའི་བུ་ལུ་མིང་ཊོན་ (Bloomington) ས་ཁུལ་ནང་རྟེན་གཞི་བྱས་པའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་སྐུ་འབུམ་བྱམས་བརྩེ་གླིང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་འབྲེལ་སླད་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་ཡོད་པ་རེད། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཚེས་ ༡༢ རེས་གཟའ་ལྷག་པ་དང་། ཚེས་ ༡༣ རེས་གཟའ་ཕུར་བུ་བཅས་ཉིན་གཉིས་རིང་ཨིན་ཌི་ཡ་ན་གཙུག་ལག་སློབ་ཁང་གི་ཚོགས་ཁང་ཆེན་མོའི་ནང་ (Indiana University Auditorium) ཤེས་རབ་སྙིང་པོའི་ཆོས་འབྲེལ་བཀྲིན་ཆེ་བ་སྩལ་རྒྱུ་དང་། ཕྱི་ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཌི་ཡ་ན་པོ་ལི་སིའི་ཀོང་སེ་ཀོ་ཕིལ་ཌི་ཚོགས་ཁང་ (Conseco Fieldhouse, Indianapolis) ནང་མང་ཚོགས་ལ།
བྱམས་བརྩེ་དང་ཤེས་རབ་བརྒྱུད་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ (Public Talk) སྩལ་གནང་མཛད་རྒྱུ་ཡིན་པ་དང་སྐབས་དེར་འཛམ་གླིང་ས་ཕྱོགས་གང་ས་ནས་མང་ཚོགས་མཉམ་ཞུགས་གནང་འཆར་ཡོད་འདུག བཀའ་སློབ་གོ་སྒྲིག་གནང་མཁན་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ལས་གཞི་ཚོགས་པ། (Interfaith Hunger Initiative) དེ་བཞིན་ཨིན་ཌི་ཡ་ནའི་ནང་པའི་ལྷན་ཚོགས་བཅས་ཡིན་འདུག ཕྱི་ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝི་སི་ཀོན་སོན་གཙུག་ལག་སློབ་ཁང་ནང་ཀླད་ཁམས་ཚན་རིག་པའི་སློབ་དཔོན་ཆེན་པོ་སྐུ་ཞབས་རི་ཆཌ་ཌེ་བི་ཌ་སོན་ (Richard Davidson) ལགས་དང་ལྷན། སེམས་བདེ་ཐང་ལ་དཔྱད་པ། ཞེས་པའི་བརྗོད་གཞིའི་ཐོག་གྲོས་མོལ་གྱི་ཚོགས་འདུར་ལྷན་ཞུགས་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༡༨ ཉིན་སེ་ཌར་ཕོལ་ནང་བྱང་ཕྱོགས་ཨ་ཡོ་བའི་གཙུག་ལག་སློབ་ཁང་ (University of Northern Iowa) གིས་གོ་སྒྲིག་གནང་བའི། ཤེས་ཡོན་གྱི་ནུས་པ། ཞེས་པའི་བརྗོད་གཞིའི་ཐོག་མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༢༠ ནས་ ༢༢ རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ། བཅས་ཀྱི་གསུང་ཆོས་སྩལ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༢༣ ཉིན་མགོན་པོ་གང་ཉིད་མཆོག་གིས།
བདག་མེད་ཀྱིི་བློ་བརྒྱུད་ལ་སྐྱེ་ཚུལ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག དེ་བཞིན་ཉིན་དེར་མགོན་པོ་གང་ཉིད་མཆོག་སེན་ཇོན་ཡེ་ཤུའི་ལྷ་ཁང་ནང་ཆོས་ལུགས་ཕན་ཚུན་དབར་གྱི་བགྲོ་གླེང་ཚོགས་འདུར་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག
ཐེངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བུ་ལུ་མིང་ཊོན་ས་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཐེངས་དྲུག་པ་ཡིན་འདུག་པ་བཅས།།