ཟླ་བ་ ༤ ཚེས ༢༦ ༢༠༡༠
Published By Tenzin RInzin

༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༦ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༦ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ལྔ་བཅུ་དུས་དྲན་གོ་སྒྲིག་དང་ལམ་སྟོན་ཚོགས་ཆུང་གི་ཚོགས་གཙོ་བཀྲ་ཤིས་ནོར་བུ་ལགས་དང་། ཕྱིེ་འབྲེལ་དྲུང་ཆེ་བསྟན་འཛིན་ཕུན་ཚོགས་ཨ་ཏི་ཤཱ་ལགས་གཉིས་ཀྱིས་གསར་འགོད་པ་ཁག་གཅིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་སར་༸ཞབས་སོར་འཁོད་དེ་མི་ལོ་ ༥༠ འཁོར་བའི་རྗེས་དྲན་དང་། ཧི་མཱཅལ་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་མཛད་སྒོ་དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༣༠ དང་ཟླ་ ༥ ཚེས་ ༡ བཅས་ཉིན་གཉིས་ཀྱི་རིང་ཚོགས་གཏན་འཁེལ་ཡོད་པའི་གསར་འགོད་གསལ་བསྒྲགས་གནང་ཡོད་ཅིང་། མཛད་སྒོ་ཉིན་དང་པོོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པེ་རེམ་ཀུ་མར་དྷུ་མལ་མཆོག་ Prem Kumar Dhumal ཆེད་ཕེབས་ཀྱིས་རྡ་སའི་ཉེ་འགྲམ་རྡ་རི་ཐང་དུ་སྔ་དྲོ་ཆུ་ཚོད་ ༩།༠༠ ནས་ ༡༠།༡༥ བར་གནང་རྒྱུ་ཡིན་པ་དང་། ཉིན་རྒྱབ་ཆུ་ཚོད་ ༡།༠༠ ནས་ ༥།༠༠ བར་བོད་གཞུང་དབུས་སྨན་རྩིས་ཁང་ནས་རིན་མེད་བརྟག་དཔྱད་དང་སྨན་སྦྱིན་གནང་རྒྱུ། དེ་བཞིན་ཆུ་ཚོད་ ༣།༠༠ ཐོག་རྡ་ཤོད་དུ་ཡོད་པའི་ཀང་རྭའི་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་མེས་པོ་དམ་པ་གྷན་དྷི་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་དང་འཆམ་མཐུན་གྱི་བསླབ་བྱ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་ཞིག་མངའ་སྡེའི་བཟོ་གྲྭའི་བློན་ཆེན་ཀིར་ཤཱན་ཀཔུར་མཆོག་ནས་དབུ་འབྱེད་གནང་རྒྱུ་རེད་འདུག མཛད་སྒོ་ཉིན་གཉིས་པ་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་གནང་རྒྱུ་དང་། སྐབས་དེར་རྒྱ་གར་དབུས་གཞུང་གི་བློན་ཆེནཝིར་བྷ་ཌུར་སིངྒ་མཆོག་ནས་མཛད་སྒོའི་དབུ་འབྱེད་གནང་རྒྱུ་མ་ཟད། རྡ་སའི་ཡུལ་མི་རྒན་རབས་ཁག་གཅིག་ལ་ཆེ་བསྟོད་ཞུ་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit