༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་གཞུང་གི་ཤིན་ཧཱ་གསར་འགྱུར་ནང་གནས་ཚུལ་སྤེལ་གསལ་ལྟར་ན། སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་འོག་མི་གྲངས་ ༦༡༧ ཙམ་རྐྱེན་འདས་སུ་གྱུར་བ་དང་། མི་གྲངས་ ༩༡༡༠ ཙམ་ལ་རྨས་སྐྱོན་ཕོག་པ། དེ་བཞིན་མི་གྲངས་ ༣༡༣ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། མི་གྲངས་ ༩༠༠ ཙམ་འཐོར་ཞིག་སོང་བའི་ཁང་པའི་རྩིག་རྡོའི་གསེང་ནས་གསོན་པོར་འདོན་ཐུབ་ཡོད་སྐོར་ཡང་འཁོད་འདུག ཁུལ་དེ་ས་མཐོ་ཞིང་གྲང་ངར་ཆེ་བ་ཡོད་པའི་རི་འདབས་སུ་ཆགས་པའི་མཐོ་སྒང་ཞིག་ཡིན་སྟབས། ངལ་སེལ་ལས་མི་རྣམས་ས་གནས་དེར་བསྐྱོད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ས་རུད་བརྒྱབ་པར་བརྟེན་གཞུང་ལམ་ཐོག་འགྲུལ་བཞུད་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད། AP ཨེ་པི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་ཐོན་གསལ་ལྟར་ན། སྐྱེ་རྒུ་མདོའི་སྨན་ཁང་ནང་སྨན་པ་དང་སྨན་གྱི་མཐུན་སྦྱོར་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་དང་། དེ་བཞིན་ཡེ་ཤུའི་བླ་ཆེན་པོབ་མཆོག་གི་གཙོས་རྒྱལ་ཁབ་དང་དབུ་ཁྲིད་མང་པོས་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་སེམས་གསོ་གནང་ཡོད།