ཟླ་བ་ ༤ ཚེས ༢༠ ༢༠༡༠

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་གྱི་སྔ་དྲོ་མདོ་ཁམས་སྐྱེ་རྒུ་མདོ་ཁུལ་ཡུལ་ཤུལ་རྫོང་དུ་ས་ཡོམ་ཤུགས་ཆེ་ཞིག་བརྒྱབ་སྟེ་མི་གྲངས་བརྒྱ་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་པ་དང་། སྡོད་ཁང་སོགས་ཕལ་ཆེ་བ་ཞིག་རལ་དུ་གྱུར་ནས་ཡུལ་མིའི་འཚོ་གནས་སོགས་ཧ་ཅང་གི་དཀའ་སྡུག་མྱོང་བཞིན་པའི་ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པས་འདས་གྲོངས་སུ་ཕྱིན་པ་རྣམས་འཕགས་མཆོག་ཕྱག་ན་པལྨོས་རྗེས་སུ་བཟུང་བའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་དང་། ཤུལ་ལུས་ནང་མི་ལྟོས་བཅས་ཡུལ་སྡེ་མི་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཅིང་། ད་ལྟ་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པའི་ཡུལ་མི་རྣམས་མྱུར་སྐྱོབ་ཆེད་ད་ལམ་བཞུགས་སྒར་ཁུལ་གནས་སྡོད་གོང་གསལ་ས་གནས་རང་ནས་ཡིན་པའི་སེར་སྐྱ་མི་གྲངས་ཉི་བརྒྱ་ལྷག་མ་སྐུལ་དངས་བླངས་ཀྱིས་ ༤་༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ཞིག་གསར་འཛུགས་དང་འབྲེལ་ཚེ་སྲོག་ཤོར་བ་རྣམས་ལ་སྐྱབས་ཞུའི་བསྔོ་སྨོན་བདུན་ཚིགས་རེ་རེ་བཞིན་མཆོད་འབུལ་ཟབ་རྒྱས་ཞུ་རྒྱུ་དང་། ཤུལ་ལུས་སྤན་ཟླ་རྨས་སྐྱོན་ཕོག་པ་སོགས་ལ་སྨན་བཅོས་དང་། སྡོད་ཁང་གསར་སྐྲུན། འཚོ་གོས་སོགས་ཀྱི་ཆེད་རང་རིགས་སྤན་ཟླ་རྣམས་དང་། དེ་བཞིན་ལར་ཞེན་ཅན་གྱི་མི་སྣ་སོགས་ལ་སྐྱིད་སྡུག་མཉམ་མྱོང་གི་མཐུན་འགྱུར་རྒྱབ་སྐྱོར་གྱི་ཞལ་འདེབས་བསྡུ་རུབ་ལས་གཞི་རྩོམ་བཞིན་པས་རྒྱལ་ཁབ་དང་མི་རིགས་ཀྱི་ལར་ཞེན་ཆེན་པོའི་ངང་རྣམ་དཀར་གྱི་མཐུན་འགྱུར་ལས་གཞི་རླབས་ཆེན་འདིར་ལེགས་སོའི་བསྔགས་བརྗོད་དང་བཅས་ཚང་མས་ཞལ་འདེབས་རྒྱ་མི་ཆུང་བའི་རྒྱབ་སྐྱོར་ཁོང་ཚོའི་དངུལ་ཁང་དེབ་ཨང་ Swift Code ICICI Bank NBB A/C 050001501154 GENDUN TSEPHEL ཐོག་ངེས་གནང་ཡོང་བའི་རྒྱབ་གཉེར་དུ།

བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་

ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༠ ལ།།

Share with your friends










Submit