ཟླ་བ་ ༤ ཚེས ༢༦ ༢༠༡༠

༄༅། །ཀུན་གྱིས་མཁྱེན་གསལ་ལྟར་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་སྒ་སྐྱེ་རྒུ་མདོར་ས་ཡོམ་གྱིས་འཇིག་པ་ཚབས་ཆེ་བྱུང་སྟེ་མི་གྲངས་ཧ་ཅང་མང་པོར་སྲོག་སྐྱོན་དང་། དེ་བས་ཆེས་མང་བར་རྨས་སྐྱོན། སྡོད་ཁང་སོགས་དགོས་མཁོ་ཡོ་ཆས་རྩ་བརླག་ཏུ་སོང་སྟེ་དཀའ་སྡུག་བསམ་ཡུལ་ལས་འདས་པ་མྱང་དང་མྱོང་བཞིན་པ་དག་ལ་རང་དབང་རྒྱལ་ཁབ་ཁག་ཏུ་གནས་པའི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་ཆོས་དང་ཟང་ཟིང་གི་ཕན་གྲོགས་རོགས་སྐྱོར་གང་ཐུབ་ཞུ་དགོས་པ་ནི་སྐབས་བབ་ཀྱི་ལས་འགན་ཡིན་པ་བརྗོད་མ་དགོས་པ་ལྟར། ས་ཡོམ་བྱུང་ཉིན་རང་དེར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་འདས་གསོན་ཡོངས་ལ་ཐུགས་སྨོན་མཚམས་སྦྱོར་དང་། འཚོ་བཞུགས་རྣམས་ལ་སེམས་གསོ་དབུགས་དབྱུང་གི་བཀའ་བཟང་བསྩལ་ གནང་མཛད་པ་དང་། བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱིས་མཆོད་འབུལ་སྨོན་ལམ་དང་མྱ་ངན་གུས་བཏུད་ཞུས་ཤིང་། དེའི་ཕྱི་ཉིན་ཚེས་ ༡༥ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷ་སའི་ཁུལ་དུ་བཅའ་བཞུགས་བླ་སྤྲུལ་དགེ་འདུན་བཙུན་མ་མང་ཚོགས་དང་བཅས་པ་ལྷན་འཛོམས་ཐོག་རྟེན་མཆོག་སྤྱན་སྔར་མཆོད་འབུལ་དང་། འདུས་ཚོགས་ལ་བསྙེན་བཀུར་མང་འགྱེད་བཅས་ཞུས་པ་དང་། སླར་ཡང་འདི་ཚེས་ ༢༧ ཉིན་འདས་པོ་རྣམས་ཀྱི་བདུན་ཚིགས་གཉིས་པ་འཁེལ་བ་དང་བསྟུན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་དྲོ་ཚོུད་ ༡ ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ལྷ་སའི་ཁུལ་བཞུགས་བླ་སྤྲུལ་དགེ་འདུན་བཙུན་མ་མང་ཚོགས་དང་བཅས་པས་མཆོད་འབུལ་སྨོན་ལམ་ཟབ་རྒྱས་གནང་གཏན་འཁེལ་བ་དང་། དེ་བཞིན་བོད་མིའི་འདུས་སྡོད་གང་སར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་བླ་ཆེན་རྣམ་པས་དབུ་བཞུགས་འོག་མཆོད་འབུལ་སྨོན་ལམ་སྒྲུབ་མཆོད་སྦྱོང་བ་སོགས་འདས་གསོན་ཀུན་སྨན་གྱི་ཆོས་ཕྱོགས་ཀྱི་མཛད་སྒོ་རྒྱ་ཆེ་བསྐྱངས་དང་སྐྱོང་བཞིན་པ་དེ་ལྟར་ཡང་། ད་བར་རྒྱ་ཁྱབ་རྒྱལ་ཡོངས་སུ་བོད་མིའི་གནས་སྡོད་གང་སར་དུས་གཅིག་ཏུ་མཆོད་འབུལ་སྨོན་ལམ་དང་། མྱ་ངན་གུས་བཏུད་ཞུས་པ་ཞིག་བྱུང་མེད་སྟབས། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༤ ཉིན་འདས་པོ་རྣམས་ཀྱི་གལ་ཆེའི་བདུན་ཚིགས་གསུམ་པ་འཁེལ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་བོད་མིའི་གནས་ཡུལ་ཡོངས་སུ་དུས་གཅིག་ཏུ་རྗེས་དྲན་མྱ་ངན་དང་མཆོད་འབུལ་སྨོན་ལམ་གནང་རྒྱུ་ཐུགས་གཏན་འཁེལ་བ་བཞིན། དེའི་ཉིན་འདི་ག་ལྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེེན་པོ་མཆོག་དབུ་བཞུགས་ཐོག་བླ་སྤྲུལ་དགེ་འདུན་མང་ཚོགས་དང་བཅས་པས་སྔ་དྲོ་རྒྱ་གར་གྱི་ཚོུད་ ༧་༤༩ ཐོག་སྐར་མ་གཅིག་གི་རིང་ངག་བཅད་མྱ་ངན་གུས་བཏུད་དང་། སྔ་དྲོ་ཚོུད་ ༨ པ་ནས་མཆོད་འབུལ་སྨོན་ལམ་དབུ་ཚུགས་གནང་རྒྱུ་ཡིན་པ་ལྟར། བོད་མིའི་གནས་ཡུལ་ས་ཁུལ་ཡོངས་རྫོགས་སུ་སོ་སོ་སོའི་གནས་ཡུལ་གྱི་སྔ་དྲོའི་ཚོུད་ ༧་༤༩ ཐོག་ངག་བཅད་མྱ་ངན་དང་། རྗེས་དྲན་གུས་བཏུད་ཞུས་རྗེས་མཆོད་འབུལ་སྨོན་ལམ་གང་ཐུབ་བསྒྲུབ་གནང་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་ན། བཙན་བྱོལ་བོད་མི་མི་རེ་ངོ་རེས་མི་རིགས་ཀྱི་དམ་ལར་དགོངས་ཏེ་ཐུགས་སྣང་ཆེན་པོས་མྱ་ངན་གུས་བཏུད་དང་མཆོད་འབུལ་སྨོན་ལམ་གྱི་ལས་རིམ་མ་བསྐུལ་དྭང་བླང་གིས་བོད་མི་མང་ཉུང་ལ་མ་ལྟོས་པར་གང་ཐུབ་ཅི་ཐུབ་ངེས་པར་བསྒྲུབ་གནང་ཡོང་བ་དང་། ས་གནས་སོ་སོར་མཛད་འཆར་ཇི་གནང་གཞིས་བཞུགས་བོད་མི་རྣམས་ཀྱིས་གསན་དགོངས་ཡོངས་སླད་རླུང་འཕྲིན་བརྒྱུད་ལམ་ཁག་ལ་གནས་ཚུལ་གཏོང་གནང་ཡོད་པ་བཅས་དགོངས་དབྱིངས་སུ་མངའ་བ་ཞུ།

བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༦ ལ།། །།

Share with your friends










Submit