༢༠༡༠ ཕྱི་ཟླ་ ༤ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༨ ཉིན་སུད་སིའི་གྲོང་ཁྱེར་ཛུ་རིཀ་ཉེ་འདབས་སུ་ཡོད་པའི་སུད་སི་མགྲོན་ཁང་ཞེས་པའི་ཚོམས་ཆེན་ནང་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་མི་རྣམས་དང་། མངའ་སྡེའི་བློན་ཆེན། དེ་བཞིན་དེ་སྔ་བོད་པར་དཀའ་ངལ་འཕྲད་སྐབས་མཐུན་འགྱུར་རོགས་རམ་གནང་མཁན Toni Hagen གྱི་ལྕམ་ Katrin Hagen ཀེཊ་རིན་ཧེ་གྷན་གྱིས་གཙོས་འབྲེལ་ཡོད་བོད་པར་རོགས་རམ་གནང་མཁན་གྱི་མཚོན་པའི་སྐུ་མགྲོན་མི་གྲངས་ ༣༠༠ བརྒལ་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ལོ་མང་པོ་ཞིག་གི་རིང་ལ་བོད་པའི་ཐོག་ཐུགས་སྣང་དང་ཤ་ཚ། རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་འདི་གར་ཕེབས་ཡོད་པ་རེད། དེ་བཞིན་བོད་ཕྲུག་འཚར་ལོངས་བྱུང་བ་མང་དག་ཅིག་འདུག ཁྱེད་རང་ཚོ་ཚང་མར་ཞུ་རྒྱུར། སྤྱོད་པ་བཟང་པོ་དང་གཞུང་བཟང་པོ་ཟེར་རྒྱུའི་ནང་ཚུར་དྲིན་ཆེན་པོ་བྱས་པ་དེར་དྲིན་ལན་ང་ཚོས་འཇལ་ཐུབ་རྒྱུ་གང་ཡང་མེད་ནའང་། སེམས་གཏིང་ནས་བཀའ་དྲིན་ཆེ་ཞེས་བརྗོད་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཡོད། དེར་བརྟེན་ན་ནིང་རྒྱ་གར་ནང་ང་ཚོས་རྒྱ་གར་དུ་སླེབས་ཏེ་ལོ་ལྔ་བཅུ་ཕྱིན་པའི་དུས་ཚིགས་འདི་ཧ་ལམ་ལོ་གཅིག་གི་རིང་ལ་རྒྱ་གར་གྱི་འདུས་པའི་དེ་བཞིན་བོད་མིའི་གཞིས་ཆགས་ཡོད་སའི་ས་ཁུལ་ཁག་ཚང་མ་ནས་རྒྱ་གར་གཞུང་དང་མི་མང་། ས་གནས་ཀྱི་མངའ་སྡེ། ས་གནས་མངའ་སྡེའི་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ལས་འགུལ་ཚུགས་ཏེ་ལོ་གཅིག་རིང་བྱས་པ་རེད། དེ་རིང་འདིར་སུད་སི་ནང་དེ་དེ་བཞིན་བྱས་ཏེ་ང་ཚོ་ལོ་དེ་དག་ཕྱིན་པ་རེད།
དེ་རིང་འདིར་སུད་སིའི་གཞུང་དང་སུད་སིའི་རྒྱ་གྲམ་དམར་པོའི་ཚོགས་པ་རེད། དེ་བཞིན་སུད་སིའི་མི་མང་། གཞན་ཡང་འབྲེལ་ཡོད་ས་གནས་སོ་སོའི་མི་སྣ་ཚོས་བོད་པར་ཕལ་ཆེར་མི་ཐོག་ནས་མི་ཐོག་རོགས་རམ་དང་ཤ་ཚ་རྒྱབ་སྐྱོར་གནང་བ་རེད། ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན་ཞེས་བཀའ་སློབ་སྩལ། ཡང་༸གོང་ས་མཆོག་གིས། དེ་སྔོན་ང་ཚོ་བོད་ལ་སྡོད་སྐབས་སུད་སིའི་ཐད་རྒྱུས་མངའ་དེ་ཙམ་མེད་ཀྱང་སུད་སིའི་ཆུ་ཚོད་ཐོག་ཤེས་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་དཀའ་ངལ་ཆེ་བའི་སྐབས་ང་ཚོས་སུད་སིར་དེ་ཙམ་རེ་བ་བྱས་མེད་ཀྱང་དེ་ལྟར་རོགས་རམ་གནང་བྱུང་ཞེས་བཀའ་སློབ་ཕེབས་དོན། སྐབས་དེ་དུས་རྒྱ་གར་ནང་ཧ་ཅང་གི་ཛ་དྲག་ཆགས་ཡོད། ཕ་མ་རྣམས་ཕྲུ་གུ་ཆུང་ཆུང་མཉམ་དུ་ལམ་བཟོ་བྱས་ནས་བསྡད་ཡོད་པ་རེད། དེ་དུས་ཕྲུ་གུ་མང་དག་ཅིག་ལ་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་རེད། དེ་བཞིན་ཟས་བཅུད་འདང་གི་མེད། དེ་འདྲའི་འོག་ནས་ཕྲུ་གུ་མང་པོ་ཤི་སྐྱོན་བྱུང་བ་རེད། དེ་ལྟ་བུའི་ཛ་དྲག་གི་གནས་ཚུལ་ཆགས་སྐབས། སྔོན་ལ་ཕྲུ་གུའི་སྲོག་སྐྱོབ་རྒྱུ་དང་མི་ཚེ་སྐྱོབ་རྒྱུའི་དོན་དག་ལ་རོགས་པ་བྱེད་མཁན་ཞིག་བྱུང་བ་ཡིན་ན། སྔོན་ལ་ཛ་དྲག་དང་གལ་ཆེ་ཤོས་དེ་ཆགས་ཀྱི་འདུག དེ་ལྟ་བུའི་ཛ་དྲག་གི་གནས་ཚུལ་འོག་ནས་ད་ལྟ་ཨ་ཤེ་མན་ཞེས་པ་དེས་བོད་པའི་ཕྲུ་གུ་བརྒྱ་ལྷག་ཙམ་ལེན་རྒྱུའི་སྐད་ཆ་བྱུང་བ་བཞིན་བླངས་པ་རེད། དེ་ཡག་པོ་འདུག་བྱས་ནས། ཐོག་མར་བོད་པའི་ཕྲུ་གུ་རྣམས་དེ་འདྲ་བྱས་ཏེ་སླེབས་པ་རེད། ཧ་ལམ་ང་ཚོའི་རེ་བ་མེད་པ་ཞིག་ལ་སུད་སིར་བོད་མི་སྟོང་ཕྲག་གཅིག་གཞིས་ཆགས་ལ་ལེན་རྒྱུ་དེ་འདྲ་ཆགས་པ་རེད། གང་ལྟར་དེ་རྗེས་ལག་ལེན་དུ་བསྐྱལ་ཏེ་རིམ་པས་བོད་མིའི་གྲངས་འབོར་མང་དུ་མང་དུ་ཕྱིན་ནས་ད་ཆ་མི་སྟོང་ཕྲག་བཞི་ཙམ་འདི་གར་དངོས་སུ་སློབ་སྦྱོང་ཡོད་པ་དང་དཔལ་འབྱོར་གྱི་གནས་སྟངས་ཀྱང་འགྲིག་ཐག་ཆོད་ཡོད་པ། སུད་སི་ལུང་པའི་ནང་གི་ཐོན་སྐྱེད་ཡོད་པའི་ལས་ཀ་དེ་འདྲ་བྱས་ཏེ་ལས་ཀ་དེ་དག་ལ་ཞུགས་མཁན་ཡོད་པ་རེད།དངོས་གནས་ Healthy Tibetan Community བདེ་ཐང་གི་བོད་པའི་སྤྱི་ཚོགས་ཤིག་ཆགས་འདུག ཅེས་བཀའ་སློབ་ཕེབས་ཡོད། ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེ་དུས་འཚོ་གོས་ཀྱི་དཀའ་ངལ་སེལ་ན་བསམ་པ་ལས་གཞན་གྱི་རེ་བ་མེད།
འགོ་དེ་དཀའ་ངལ་ནས་བཙུགས་ཏེ་ད་ཆ་མི་ལོ་ལྔ་བཅུ་ང་གཅིག་འགྲོ་གི་ཡོད། འདས་པའི་དུས་ཡུན་དེར་ཕྱིར་མིག་ཅིག་བལྟས་ན་ཞེས་བཀའ་སློབ་སྩལ་དོན། ཕྱི་ལོ་ ༡༩༥༩ ནས་བཟུང་སྟེ་ལོ་ལྔ་བཅུ་ང་གཅིག་ལ་ཕྱིར་མིག་ཅིག་བལྟས་ན། ལོ་ཡུན་དེའི་རིང་ལ་སེམས་སྐྱོ་པོ་བྱེད་རྒྱུ་དང་ཡང་སྐབས་རེ་སེམས་དགའ་པོ་བྱེད་རྒྱུ། སྐབས་རེ་སེམས་ལ་རེ་བ་བྲལ་རྒྱུ་ལྟ་བུ། ཡང་སྐབས་རེ་སེམས་ནང་རེ་བ་གསར་བསླེབ་རྒྱུ། ཡང་སྐབས་རེ་སེམས་ནང་སོ་སོར་ཡིད་ཆེས་ཆེ་རུ་འགྲོ་རྒྱུ། དེ་འདྲ་ཞིག་གི་དུས་ཡུན་ཞིག་ཆགས་ཡོད། རྩ་བའི་ང་ཚོ་ཚང་མ་འཛམ་གླིང་འདིའི་སྟེང་མི་གཅིག་གྱུར་ཆགས་ཀྱི་ཡོད། དེར་བརྟེན་མིའི་རང་བཞིན་ལྷན་སྐྱེས་ལ་མི་གཅིག་ལ་གོད་ཆག་བྱུང་བ་ཡིན་ན། མི་གཞན་ཚོས་དེར་གདུང་སེམས་མཉམ་སྐྱེ་བྱ་རྒྱུ་དང་དེར་རོགས་པ་བྱ་རྒྱུ། དེ་འདྲ་ཞིག་མིའི་གོམས་གཤིས་དང་ལྷན་སྐྱེས་རང་བཞིན་ལ་ཡོད་པ་རེད། ཅེས་བཀའ་སློབ་ཕེབས་ཡོད། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་སུད་སིའི་གཞུང་མང་གཉིས་ནས་བོད་མིར་སྒེར་སེམས་མེད་པའི་རོགས་རམ་གནང་བའི་བཀའ་དྲིན་གྱིས་ད་ཆ་སུད་སིའི་ནང་འཚོ་སྡོད་བྱེད་བཞིན་པའི་བོད་རིགས་རྣམས་ཀྱི་འཕྲལ་ཕུགས་མི་ཚེའི་དཀའ་ངལ་སེལ་ཏེ་བོད་མིའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་བཙུགས་འདུག་ཅེས་བཀའ་སློབ་ཕེབས་པ་དང་འབྲེལ་བོད་མིར་རོགས་རམ་གནང་མཁན་རྣམས་དང་ལྷན་སྐུ་པར་བསྒྲོན་པ་མ་ཟད་མཇལ་དར་ཡང་གནང་། དེ་བཞིན་དུས་དྲན་གོ་སྒྲིག་ཚོགས་ཆུང་ནས་མི་ལོ་ལྔ་བཅུའི་རིང་གི་བོད་མིའི་གནས་སྟངས་མཚོན་པའི་བརྙན་འཕྲིན་ཞིག་ཀྱང་གཟིགས་འབུལ་ཞུས་ཡོད།