༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་འཛམ་གླིང་ཡུལ་གྲུ་ཁག་གི་དཔོན་རིགས་ཚོས་ཨ་རིའི་སྲིད་འཛིན་མཆོག་ལ་མིག་དཔེ་བཟུང་སྟེ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་དགོས་པའི་སྐུལ་མ་གནང་ཡོད། སྐལ་བཟང་རྒྱལ་མཚན་མཆོག་གིས་སི་པེན་ (Spain) གྱི་གྲོས་ཚོགས་འཐུས་མི་ཚོ་དང་མཇལ་འཕྲད་གྲུབ་རྗེས་གསར་འགོད་པ་ཚོར་གསུང་དོན། ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ (Barack Obama) མཆོག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་ལྟོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་དེ་ནི་རྒྱལ་སྤྱིའི་དཔོན་རིགས་ཚོར་མིག་དཔེ་བཟང་པོ་ཞིག་ཡིན་པ་དང་། ད་ཆ་ང་ཚོའི་ཚོར་སྣང་ལ་རྒྱལ་སྤྱིའི་འཐུས་མི་རྣམས་ནས་ཀྱང་ཨ་རིའི་སྲིད་འཛིན་གྱི་རྗེས་སུ་ཕེབས་དགོས་ཀྱི་རེད། རྒྱལ་སྤྱིའི་འཐུས་མི་གང་མང་གིས་ཨ་རིའི་སྲིད་འཛིན་བཞིན་ཐག་གཅོད་གནང་བ་ཡིན་ན་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་དངོས་ཡོད་གནོན་ཤུགས་ཐོག་བསམ་བློ་གཏོང་རྒྱུའི་རེ་བ་ཡོང་སྲིད། ཅེས་གསུངས་ཡོད། དེ་བཞིན་སྐལ་བཟང་རྒྱལ་མཚན་མཆོག་གིས་ང་ཚོས་རྒྱ་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་གཞུང་ངོས་ནས་ཁ་བྲལ་དང་རང་བཙན་མི་བརྩོད་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མིང་དོན་མཚུངས་པའི་རང་སྐྱོང་དགོས་སྐོར་ཁ་གསལ་བཟོས་ཡོད་ཅེས་གསུངས་ཡོད། ཕྱོགས་མཚུངས་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་འཐབ་རྩོད་ཐོག་འབད་བརྩོན་ཇི་ཙམ་མཛད་ཀྱང་རྒྱ་ནག་གཞུང་གིས་གནས་དོན་དེ་དག་ལ་བསྐྱར་དུ་བསམ་བློ་གཏོང་རྒྱུར་དེ་ཙམ་ནུས་པ་ཐོན་ཐུབ་ཀྱི་མེད་སྟབས། བོད་རིགས་ཚོས་ཐབས་ལམ་གཞན་པ་དེ་རྒྱལ་སྤྱིའི་འཐུས་མི་ཚོར་བོད་དོན་རྒྱབ་སྐྱོར་ཆེད་རེ་སྐུལ་ཞུ་རྒྱུ་དེ་ཡིན། ཞེས་གསུངས་ཡོད།།