༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢ ཉིན་བོད་གཞུང་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་བོད་གཞུང་ཟློས་གར་གྱི་ཐང་ཆེན་དུ་ཞུས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཚབ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གི་གཙོས ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན། སྤྱི་འཐུས་ཚོགས་གཞོན་མཆོག་གི་དབུས། སྤྱི་འཐུས་རྒྱུན་ལས་རྣམ་པ། བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བློན་ཆེན་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། རྡ་ས་ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན། ཚོགས་སྡེ་ཁག་གི་རྒྱུན་ལས་རྣམ་པ། སློབ་ཕྲུག་དང་མི་མང་རྣམས་ལྷན་འཛོམས་ཐོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་ནས་མཛད་རིམ་སྙན་སྒྲོན་དང། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དོ་རར་གདན་འདྲེན་ཞུས་རྗེས་བོད་གཞུང་ཟློས་གར་སྤྱི་ཁྱབ་འགན་འཛིན་དབང་ཕྱུག་ཕ་ཟུར་ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱངས་གནང་བའི་འཁོད་དོན།
རང་རེ་བཙན་བྱོལ་བ་རྣམས་ནས་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། བསྟན་སྲིད་རང་དབང་སླར་གསོའི་འགན་འཁྲི་ཆེན་པོ་ཕྲག་པར་ཁུར་ནས་རྒྱ་གར་རང་དབང་ལུང་པའི་ནང་ལས་གཞི་མང་པོ་ཞིག་གསར་དུ་བརྩམས་པའི་ནང་ནས་ཟློས་གར་ཚོགས་པ་འདི་འཛུགས་སྔ་ཤོས་ཀྱི་གྲས་ཤིག་ཡིན། མི་རིགས་ཤིག་གི་ཐུན་མིན་ངོ་བོ་མཚོན་བྱེད་རིག་གཞུང་འབུར་དོད་ཡོད་པ་ཟློས་གར་ལས་གོ་རྟོགས་ཀྱི་ནུས་པ་ཆེན་པོ་ལྡན་ཡོད་པ་ལྟར། ད་ཕན་ཟློས་གར་ཚོགས་པའི་མི་རབས་རྒན་གཞོན་རིམ་པས་ལྷག་བསམ་སྙིང་རུས་ཆེན་པོས་དཀའ་ངལ་ལ་གདོང་ལེན་གྱིས་སྒྱུ་རྩལ་གྱི་འཐབ་ས་བརྟན་པོར་བཟུང་ནས་བཙན་བྱོལ་གྱི་སྤྱི་ཚོགས་ཙམ་མ་ཡིན་པར་ཕྱི་རྒྱལ་གྱི་ཡུལ་ལུང་མང་པོར་འཁྲབ་སྟོན་དུ་བསྐྱོད་དེ་རྣམ་ཐར་གླུ་གཞས་མ་ཟད་ཆས་གོས་སོགས་ཁྱད་ཆོས་འབུར་དུ་ཐོན་པའི་མི་རིགས་ཀྱི་གཟུགས་བརྙན་དང་། བོད་ཀྱི་བདེན་དོན་ངོ་སྤྲོད་བྱེད་ཐུབ་པ་བྱུང་ཡོད། ད་ལམ་ང་ཚོ་བཙན་བྱོལ་ལ་འབྱོར་ནས་མི་ལོ་ལྔ་བཅུ་དང་། ཟློས་གར་ཚོགས་པ་བཙུགས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་གཉིས་འཛོམས་ལ་དྲན་གསོའི་བྱེད་སྒོ་གཟབ་རྒྱས་སྤེལ་བ་འདིའི་ཐོག་ཟློས་གར་ཚོགས་པའི་འགོ་ལས་ཚོགས་མི་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། ལྷག་པར་མི་རབས་རྒན་པ་འདས་གསོན་རྣམས་ལ་རྗེས་འཛིན་གྱི་སྨོན་ལམ་ཡོད། ཟློས་གར་ལ་རྣམ་གྲངས་མང་པོ་ཡོད་པ་སྔོན་དུས་བོད་ནང་གར་པ་དང་། ནང་མའི་སྐྱིད་སྡུག ལྷ་མོའི་ཚོགས་པ་སོགས་ཁག་སོ་སོར་ཡོད་ཀྱང་། དེང་སྐབས་ཟློས་གར་ཚོགས་པས་གཅིག་ལྕོགས་ཀྱིས་འཁྲབ་སྟོན་དང་། རྒྱུན་འཛིན་པ་གསོ་སྐྱོང་བྱས་པ་སོགས་གང་ཅིའི་ཐད་ཡར་རྒྱས་ཀྱི་ལམ་དུ་ཞུགས་པར་བསྔགས་བརྗོད་ཡོད། ལྷག་པར་བོད་ཀྱི་ལྷ་མོའི་སྒྱུ་རྩལ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསར་གཏོད་མཛད་པའི་མི་རིགས་ཀྱི་རང་བཞིན་དང་། སྒྱུ་རྩལ་གྱི་ཚད་མཐོའི་རང་བཞིན་ལྡན་པའི་ཁྱད་ནོར་ཞིག་ཡིན་པས་རྒྱུན་འཛིན་ཡག་པོ་བྱེད་དགོས། ངོས་ནས་གོ་སྐབས་འདི་དང་བསྟུན་ཏེ་བོད་ཕྱི་ནང་དུ་གནས་པའི་གཞས་སྣ་སྒྱུ་རྩལ་གླུ་པ་སོགས་བོད་མིའི་རྣམ་པ་དང་སྙིང་སྟོབས་འདོན་བསྐུལ་བྱེད་པའི་བོད་མི་སྤུན་ཟླ་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་བྱ་རྒྱུ་ཡིན། ཟློས་གར་ཚོགས་པའི་འགོ་ལས་ཚོགས་མི་བཅས་ནས་ད་ཡོད་ཀྱི་ཡར་རྒྱས་ལ་ཆོག་ཤེས་མིན་པར་བློ་སེམས་གཅིག་བསྒྲིལ་གྱིས་མུ་མཐུད་ཡར་རྒྱས་ཡོང་ཐབས་དང་། དུས་རབས་འཕེལ་རྒྱས་ཀྱི་རྗེས་སུ་མཐུན་པའི་ལེགས་ཆ་ལེན་འོས་བླངས་ཏེ་བོད་ཀྱི་བདེན་དོན་འཐབ་རྩོད་དྲིལ་བསྒྲགས་བྱེད་སྒོའི་ནང་གདོང་ལེན་གྱི་ནུས་པ་སྔར་ལྷག་འདོན་སྤེལ་བྱེད་གལ་ཡིད་འཇགས་བྱེད། ཀུན་དགེའི་སྐྱབས་སྨོན་བཅས།
ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མས།
རབ་བྱུང་བཅུ་བདུན་པའི་ས་གླང་ཟླ་ ༡༠ ཚེས་ ༡༡
ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༨ ལ།
ཞེས་གསུང་འཕྲིན་སྒྲོག་སྦྱངས་གྲུབ་མཚམས་དུས་དྲན་ངོ་སྤྲོད་དང་སྦྲགས་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས།
དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ནས་བོད་གཞུང་ཟློས་གར་གྱི་ལྷ་དགེ་ཟུར་པ་ནོར་བུ་ཚེ་རིང་ལགས་( དགུང་ལོ་ ༨ ནས་ལྷ་མོའི་འཁྲབ་སྟོན་ནང་ཞུགས་ཏེ་ཕྱི་ལོ་ ༡༩༥༩ བར་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་ནང་ཞུགས་པ་དང་། ཕྱི་ལོ་ ༡༩༦༡ ལོར་བཙན་བྱོལ་དུ་ཕེབས་ནས་ཀ་སྦག་དུ་ལྷ་མོ་འཁྲབ་སྟོན་ཞུས། ཕྱི་ལོ་ ༡༩༦༥ ལོར་བོད་གཞུང་ཟློས་གར་ནས་ལྷ་དགེ་ཞབས་གཡར་ཞུས་ནས་བཟུང་ཕྱི་ལོ་ ༡༩༩༦ བར་བགྲེས་ཡོལ་མ་ཕེབས་བར་ལྷ་དགེའི་ཞབས་ཞུ་གནང་བ་བཅས་དང་།) འབའ་གཞས་དགེ་རྒན་ཟུར་པ་བྱམས་པ་ལུང་རྟོགས་ལགས། (དགུང་ལོ་ ༩ ར་སྟོད་ཉ་ར་ཁང་ཚན་ནང་ཆོས་ཞུགས་གནང་བ་དང་། ཆུང་དུས་ནས་གླུ་གཞས་ལ་དགའ་བས་སྦྱང་བརྩོན་བྱས་གནང་སྟེ་ཕྱི་ལོ་ ༡༩༥༩ སྔོན་ཆབ་ཞུགས་དང་། གྲྭ་ཚང་གླིང་དགའ་སོགས་ལ་གཞས་དཔོན་གནང་བ་དང་། ཕྱི་ལོ་ ༡༩༦༨ ལོར་བོད་གཞུང་ཟློས་གར་ནས་འབའ་གཞས་དགེ་རྒན་ཞབས་གཡར་ཞུས་ནས་ཕྱི་ལོ་ ༡༩༩༩ བར་བགྲེས་ཡོལ་མ་ཕེབས་བར་འབའ་དགེའི་ཞབས་ཞུ་གནང་བ་བཅས་དང་།) མ་བྱན་ཟུར་པ་བསོད་ནམས་དབང་འདུས་ལགས། (དགུང་ལོ་ ༡༣ ནས་རྩིས་དཔོན་རྣམ་སྲས་གླིང་གི་ཞབས་གྲས་བྱས་ཏེེ་བརྒྱ་ཟས་མ་བྱན་གནང་། ཕྱི་ལོ་ ༡༩༦༡ ནས་བོད་གཞུང་ཟློས་གར་ཚོགས་པའི་མ་བྱན་དུ་བསྐོ་གཞག་གནང་བ་དང་།) ཕྱི་ལོ་ ༢༠༠༦ བར་བགྲེས་ཡོལ་མ་ཕེབས་པར་ཞབས་ཞུ་གནང་བ། བཅས་ཁོང་གསུམ་ནས་རང་གི་མི་ཚེ་ཧྲིལ་པོ་ཚོགས་པའི་ལས་ཁུར་དང་ལེན་ཞུས་པའི་བྱས་རྗེས་ལ་གཟིགས་གསོལ་གནང། དེ་ནས་བོད་གཞུང་ཟློས་གར་གྱི་དངོས་བྱུང་འཕེལ་རིམ་གྱི་དེབ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་འཁྲབ་གཞུང་འོད་སྡེར་དབུ་འབྱེད་གནང་། དེ་རྗེས་བོད་གཞུང་ཟློས་གར་གྱི་སྒྱུ་རྩལ་པ་རྣམས་དང། ཚོགས་མི་ཟུར་པ། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོའི་ཚོགས་པ་རྣམས་ནས་མཉམ་རུབ་ཀྱི་ལྷ་མོའི་འཁྲབ་གཞུང་གཟུགས་ཀྱི་ཉི་མ་འཁྲབ་སྟོན་ཞུས་གྲུབ་རྗེས་ཆུ་ཚོད་ ༤།༠༠ ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་གནང་དོན། ༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ ༥༠ འདས་ཟིན་པ་དང། བོད་གཞུང་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་གྱིས་མཛད་སྒོར་ཆེད་ཕེབས་གནང་བའི་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པས་དབུས་སྐུ་མགྲོན་རྣམ་པ། སེར་སྐྱ་མི་མང་རྣམ་པ། སློབ་ཕྲུག་རྣམ་པ་ལྷན་རྒྱས་ལ་ངས་ཐོག་མར་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ཚབ་ཞུས་ཏེ་མཛའ་བརྩེའི་བཀྲིས་བདེ་ལེགས་དང། ལྷག་པར་དུས་སྟོན་འདི་དང་འབྲེལ་བའི་བོད་གཞུང་ཟློས་གར་གྱི་འགན་འཛིན་གྱིས་དབུས་དགེ་ལས་ཚོགས་མི་རྣམ་པར་ལོ་ ༥༠ འཁོར་བའི་དུས་སྟོན་གྱི་མཛད་སྒོ་འདི་འདྲ་ཞིག་གནང་བར་ལེགས་གསོ་དང། དམིགས་བསལ་གྱི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་ཕྱི་ལོ་ ༡༩༥༩ ལོར་བོད་གཞུང་ཟློས་གར་མཐུན་རྐྱེན་ཞན་པོ་ཞིག་གི་ཐོག་ནས་འགོ་བཙུགས་པ་ནས་བཟུང་སྟེ། ད་ལྟ་ང་ཚོའི་མཐོང་ཆོས་སུ་ཡོད་པའི་གནས་སྟངས་དེ་བར་དུ་དཀའ་ལས་སྐྱོན་མཁན་རབས་དང་རིམ་པ་བྱུང་ཡོད། དེའི་ནང་ནས་མང་པོ་ཞིག་ད་ལྟ་ས་གནས་འདིར་དངོས་སུ་བཞུགས་ཡོད། གང་ལྟར་ས་གནས་འདིར་དངོས་སུ་བཞུགས་མིན་ལ་མ་ལྟོས་པར་ཁོང་རྣམ་པས་གལ་ཆེན་པོ་བརྩིས་ཏེ་སྐུ་ལས་བསྐྱོན་པ་དེ་དག་ལ་ང་ཚོ་དེ་རིང་འདིར་ལེགས་གསོ་དང་བསྔགས་བརྗོད་དེ་བཞིན་རྗེས་དྲན་ཞུས་འོས་པ་ཞིག་ཆགས་ཡོད། ཕྱོགས་མཚུངས་བཀའ་ཤག་ངོས་ནས་ཀྱང་རྗེས་དྲན་ཞུ་བཞིན་ཡོད། བོད་གཞུང་ཟློས་གར་དབུ་བརྙེས་པ་བཟུང་སྟེ་དགོས་མཁོ་དམིགས་ཡུལ་གཙོ་བོ་དེ། གོང་དུ་༸གོང་ས་མཆོག་གི་བཀའ་སློབ་གསུང་གི་བདུད་རྩིའི་ནང་གསལ་བ་ལྟར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁྱབ་སྤེལ་བྱ་རྒྱུའི་བརྒྱུད་རིམ་མང་པོ་ཡོད་པའི་ནང་ནས་འཁྲབ་སྟོན་གྱི་ལམ་ནས་བྱ་རྒྱུ་དེ་གནད་འགག་ཆེན་པོར་གཟིགས་ཏེ་ཟློས་གར་ཚོགས་པ་བཙུགས་གནང་མཛད་པ་རེད། འདས་པའི་ལོ་ ༥༠ གནས་སྟངས་ལ་ང་ཚོས་ཕྱི་བལྟས་བྱས་པ་ཡིན་ན་གྲུབ་འབྲས་གང་ལེགས་བྱུང་ཡོད།
བོད་གཞུང་ཟློས་གར་ནང་རྐང་བྲོ་དང་། ཞབས་གཞས། རོལ་དབྱངས་སྒྱུ་རྩལ། གཏམ་བརྗོད། ལྷ་མོའི་འཁྲབ་གཞུང་སོགས་ཆ་རྐྱེན་ལྡན་པའི་ཐོག་ནས་ཕྱིའི་མཐུན་རྐྱེན་ད་ལྟ་ང་ཚོའི་མཐོང་ཆོས་སུ་ཡོད་པ་ངོ་བོའི་ཆ་ནས་ཟློས་གར་སྒྱུ་རྩལ་ཐོག་ལ་སློབ་སྦྱོང་བྱེད་སའི་བསྟི་གནས་གལ་ཆེན་པོ་ཞིག་ཆགས་ཡོད་ལ་སྒྲིག་འཛུགས་དང་ལས་དོན་ཡར་རྒྱས་ཕྱིན་པ་མ་ཟད། དེའི་མཐུན་རྐྱེན་ཆ་ནས་བཙན་བྱོལ་གྱི་སྤྱི་ཚོགས་སྤྱི་དང་། ལྷག་པར་དུ་བོད་པའི་སློབ་གྲྭའི་ནང་དུའང་རིག་གཞུང་འཁྲབ་སྟོན་གྱི་གནས་ཚད་དེ་ད་ལྟའི་ཆ་ལ་གང་ཙམ་ཞིག་ཡར་རྒྱས་ཕྱིན་པ་ང་ཚོས་མཐོང་གསལ་རེད། དེ་དག་གི་འབྱུང་ཁུངས་དེ་ཟློས་གར་ཚོགས་པར་ཐུག་ཡོད་པར་ངོས་འཛིན་ཞུ་གི་ཡོད་སོགས་དང་། དེ་བཞིན་དང་པོའི་དམིགས་ཡུལ་གཞིར་བཟུང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གྱི་ཐོག་ནས་བོད་པའི་རིག་གཞུང་ངོ་སྤྲོད་དང་། གོ་རྟོགས་སྤེལ་རྒྱུའི་བརྒྱུད་ལམ་ཐོག་ནས་བོད་དོན་བདེན་མཐའ་སེལ་རྒྱུའི་གནས་ཚུལ་ཐོག་ལ་ཡང་ཕན་ཐོགས་ཆེན་པོ་བྱུང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་ཕྱི་ནང་གི་རོགས་རམ། ལྷག་པར་དེའི་འོག་ཕྱག་ལས་གནང་མཁན་རབས་དང་རིམ་པས་དཀའ་ངལ་སྐྱོན་མཁན་རྣམ་པ་ཚོ་དང་། ད་ལྟ་འདིར་ཕྱག་ལས་དངོས་སུ་གནང་མཁན་གྱི་ཟློས་གར་འགན་འཛིན་གྱི་དབུས་རྣམ་པ་ལྷན་རྒྱས་ནས་ཕྱར་གྲུ་མཉམ་འདེགས་བྱས་པའི་གྲུབ་འབྲས་ཤིག་རེད་བསམ་གྱི་ཡོད། འདས་པའི་གནས་སྟངས་ལ་བལྟས་ནའང་ཡག་ཐག་ཆོད་བྱུང་ཡོད་པ་ངོས་འཛིན་པའི་ཐོག་ནས་བཙན་བྱོལ་བོད་གཞུང་བཀའ་ཤག་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ཡར་རྒྱས་ལ་མཐའ་མེད་སྐབས་འདས་པའི་ལོ་ ༥༠ གྲུབ་འབྲས་ལ་ད་དུང་ཡར་རྒྱས་གཏོང་ཕྱོགས་ཐད་ཐུགས་ཞིབ་དང་བཀའ་བསྡུར་གྱིས་ལེགས་སྤེལ་ཉེས་འགོག་གི་ལས་འཆར་སྒྲིག་གནང་རྒྱུ་དེ་ཚོ་སྔར་ལས་ལྷག་པ་གནང་རྒྱུ་གལ་ཆེ་ཡིན། ད་ལྟ་འདིར་སྤྱི་ཁྱབ་འགན་འཛིན་ནས་ཧུར་ཐག་འབད་ཐག་གནང་གི་ཡོད། དེ་བཞིན་ཕྱག་ལས་གནང་མཁན་ཚང་མས་ཧུར་ཐག་འབད་ཐག་གནང་གི་ཡོད་པར་ངོས་འཛིན་ཞུ་གི་ཡོད། མ་འོངས་པར་འདིར་ཕྱག་ལས་འགན་འཁྱེར་མཁན་སུ་ཕེབས་ཀྱི་ཡོད་ནའང་དེས་ཧུར་ཐག་འབད་ཐག་གནང་རྒྱུ་ཡིན་པ་བཀའ་ཤག་ལ་ཡིད་ཆེས་ཡོད། ཚོགས་མི་རྣམ་པས་ངོས་ནས་ཀྱང་ཧུར་ཐག་འབད་ཐག་གནང་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། དེ་དགོངས་པར་འཇགས་རོགས་གནང་ཞུ་རྒྱུ་དང་། ཟློས་གར་སྒྱུ་རྩལ་དེ་གནའ་རབས་ཐོག་ནས་ཡིན་ནའང་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་དུ་ང་ཚོའི་རིག་གནས་བཅུའི་ནང་ནས་ཟློས་གར་དེ་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད། དེ་རིང་ཁ་སང་འཛམ་གླིང་སྤྱི་ཚོགས་ནང་ཡིན་ནའང་ཟློས་གར་སྒྱུ་རྩལ་དེ་སྤྱི་ཚོགས་ཀྱི་བསམ་བློའི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་གཏོང་བྱེད་ཀྱི་བརྒྱུད་ལམ་གལ་ཤོས་ཤིག་ཆགས་ཡོད། ང་ཚོ་བཙན་བྱོལ་ནང་ལ་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་གི་གཟུགས་བརྙན་དང་རྣམ་འགྱུར་གཅེས་སྲུང་བརྒྱུད་སྤེལ་བྱ་རྒྱུའི་ལས་འགན་གནད་འགག་ངོས་བཟུང་བའི་ཐོག་ནས་ད་ལྟའི་སྐུ་གཞོན་པ་ཚོས་ཕྲལ་སེལ་གྱི་གད་མོ་སློང་རྒྱུའི་ངོ་བོ་ཙམ་དུ་མིན་པར་ང་རང་ཚོ་མི་རིགས་ཤིག་གི་རིག་གཞུང་རྒྱུན་འཛིན་བྱ་རྒྱུའི་ལས་འགན་དང་ཐད་ཁར་འབྲེལ་བ་ཆགས་ཡོད་པའི་བསམ་ཚུལ་དང་འདུ་ཤེས་སེམས་ལ་བཅངས་རོགས་གནང་ཞུ་རྒྱུ་ཡིན། བོད་གཞུང་ཟློས་གར་ད་དུང་མུ་མཐུད་སྔར་ལྷག་ཡར་རྒྱས་ཡོང་རྒྱུར་རེ་བ་དང་། ཡིད་ཆེས་ཞུ་གི་ཡོད། ཅེས་གསུང་བཤད་གནང་རྗེས་ཟློས་གར་དྲུང་ཆེ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཉིན་དང་པོའི་མཛད་སྒོ་གྲོལ། ཚེས་ ༣ ནས་ཚེས་ ༥ བར་དུས་དྲན་སྲུང་བརྩིའི་སླད་གཞུང་ཞབས་མི་མང་ལ་འཁྲབ་སྟོན་གནང་རྒྱུ་ཡིན་པ་བཅས་སོ།