ཟླ་བ་ ༡༢ ཚེས ༢༨ ༢༠༠༩
 གསར་ལས་ཁང་གི་གསར་འགོད་པས།

༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢༨ རེས་གཟའ་ཟླ་བ།

༄༅།། རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་མགོན་པོ་བརྩེ་ཆེན་ཕྱག་ན་པདྨོ་གསུམ་ལྡན་ངུར་སྨིག་འཛིན་པའི་གར་དུ་གུས་འབངས་ཡོངས་ཀྱི་མཐུན་སྣང་དུ་མཇལ་ནུས་གཟུགས་སྐུར་རོལ་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འགྲོ་བ་ཀུན་ལ་མ་གཅིག་བུ་བཞིན་བྱམས་བརྩེའི་གཟིགས་པ་ནམ་ཡང་མི་འདོར་བའི་སེམས་པ་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་མོ་གཞིས་བྱེས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ། ཤེས་རིག་ལས་ཁུངས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་ཡི་ཞལ་བཞེས་བཀྲིན་བཟང་པོ་སྤྱི་བོར་ཐོབ་ཅིང་། ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཚོགས་མགོན་དུ་ཞབས་ཀྱི་པདྨོའི་བཀྲིས་རེ་ཁ་མངོན་པར་བཅག་པས་འདིར་འདུས་མགོན་པོ་གང་གི་ཐུགས་རྗེའི་གདུག་གི་སྐྱབས་འོག་ཏུ་འཚོ་བའི་སྐྱེ་བོའི་ཚོགས་ཀུན་བསོད་ནམས་ཀྱི་སྐལ་བ་དང་ལྡན་པར་གྱུར་སོང་བ་ལགས་ན། བཀྲིན་བླ་མེད་དུ་ཆེ་ཞུ་བ་དང་། དགའ་དད་གུས་པའི་སྒོ་གསུམ་གྱི་ཕྱག་འབུལ་བ་སྔོན་དུ་བཏང་སྟེ། བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་འགན་འཛིན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་རྣམ་པ། དོན་དེ་ལ་མངགས་པའི་མངགས་པ་ཉིན་གསུམ་གྱི་ཚོགས་འདུའི་ཚོགས་བཅར་བ་བོད་སློབ་ཁག་གི་སློབ་སྤྱི་འགན་འཛིན་རྒན་ལགས་རྣམ་པ་དང་། གཞན་སྐུ་མགྲོན་རྣམ་པ་བཅས་ཚང་མར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དགའ་བསུའི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་བཞིན་ཡོད།

བཙན་བྱོལ་དུ་དུས་ཡུན་ཇི་ཙམ་ཞིག་གནས་དགོས་གྱུར་ཀྱང་། བོད་མིའི་རང་དབང་བསྐྱར་གསོའི་ལས་དོན་གྱི་གཞི་རྩ་ཚུགས་པ་ཞིག་དང་། རྩ་ཆེའི་ཆོས་དང་རིག་གཞུང་གོམས་གཤིས་སོགས་ཐོུང་མ་ཡིན་པའི་ཁྱད་ནོར་རྣམས་མི་ཉམས་བརྒྱུད་འཛིན་བྱེད་རྒྱུ། གཞིས་བྱེས་མཉམ་འཛོམས་ཀྱི་དུས་སྐབས་བྱུང་ཉིད་ཆོས་སྲིད་གཉིས་ལྡན་ཞི་བདེའི་བསྟི་གནས་ཀྱི་རྒྱལ་ཁབ་འཛུགས་བསྐྲུན་བྱེད་པའི་ནུས་པ་ལྡན་པའི་ཞི་བའི་ས་བོན་གྱི་མི་རབས་གསོ་སྐྱོང་སོགས་ཀྱི་གནས་ཚུལ་གང་ས་ནས་བྱེས་འབྱོར་བོད་མིའི་ན་གཞོན་རྣམས་ལ་རང་ལུགས་སྔོན་སྲོལ་ཉམས་མེད་ཐོག་དེང་རབས་དང་མཐུན་པའི་སློབ་སྦྱོང་སྤྲོད་རྒྱུ་སྲོག་རྩ་ལྟ་བུར་གྱུར་ཡོད་པ། དོན་དེའི་དབང་གིས་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དུས་གསུམ་གསལ་གཟིགས་ཀྱི་རླབས་ཆེན་བཞེས་དགོངས་ཟབ་མོས་དཀའ་རྙོག་དྭང་བཞེས་སྐུ་ངལ་འཛེམས་མེད་ཀྱིས་བོད་ཀྱི་སློབ་གྲྭ་ཟུར་འཛུགས་བསྐྱངས་པའི་མཛད་བྱུས་ཀྱི་ཐུགས་རྗེ་འཕྲིན་ལས་དང་། སྐབས་དེའི་མཛད་གཙོ་གཞུང་ཞབས་བཅས་པ་ཕལ་ཆེ་བ་ཕྱིའི་སྐད་ཡིག་གིས་འདེང་པ་དང་ཆེད་སྦྱོང་སོགས་མེད་ཀྱང་། མགོན་པོ་གང་གི་བཀའ་སློབ་ལམ་སྟོན་གཡོ་བ་མེད་པར་སྤྱི་བོར་བླངས་ཤིང་། ལྷག་བསམ་དང་སེམས་ཤུགས། འབད་རྩོལ་བཅས་ལ་བརྟེན་ནས་གཞུང་དང་ཤེས་ཡོན་གྱི་བསྟི་གནས། གཞན་ཡང་ཚོགས་པ་སྒྲིག་འཛུགས་ཕལ་མོ་ཆེའི་ནང་རང་མིས་རང་ལས་ཐུབ་པ་དང་། རྒྱལ་སྤྱིའི་ནང་དུ་ཡང་བོད་མིའི་ངོ་བོ་མཚོན་ཐུབ་ངེས་ཀྱི་གྲུབ་འབྲས་བཟང་པོ་བྱུང་ཡོད། འོན་ཀྱང་ཕྱི་ལོ་བདུན་ཅུའི་ལོ་མཇུག་ཙམ་ནས་སེམས་ཤུགས་དང་ལྷག་བསམ་འབད་རྩོལ་གྱིས་རང་འགུལ་གྱི་ལས་ཀ་རིམ་བཞིན་ཇི་ཞན་ཇི་ཞན་དུ་སོང་སྟེ་འཆར་ཅན་རྒྱུན་སྲོལ་དང་གོམས་གཤིས་ལྟ་བུར་གྱུར་ཏེ་གསར་གཏོད་དང་རྒྱུན་ལྡན་མཇུག་ནོན་ལྟ་རྟོགས་མ་ཐུབ་པ། སྤྱི་ཚོགས་ཀྱི་སློབ་གསོའི་ཁ་ཕྱོགས་ཀྱང་ངན་ཕྱོགས་སུ་སོང་བ་བཅས་ཀྱིས། འཐུས་ཤོར་ངེས་པར་སོང་ཡོད་པ་ནི་གཡོལ་ཐབས་མེད། དཔེ་མཚོན་ཙམ་ཞུ་ན་ ༡༩༥༩ ལོར་བོད་མིའི་སློབ་གྲྭ་དབུ་འཛུགས་བསྐྱངས་པའི་ལོ་ལྔ་སོང་བའི་རྗེས་ཐག་དེར་རྡ་ས་སྭརྒ་ཨཤྲམ་དུ་བོད་མིའི་ཤེས་ཡོན་ཡར་རྒྱས་དང་འབྱུང་འགྱུར་གྱི་འཆར་གཞི་ཕུགས་དམིགས་ལྡན་པ་སྒྲིག་གཤོམ་ཆེད་དུ་ཤེས་རིག་ཚོགས་ཆེན་དང་པོ་ ༡༩༦༤ ལོར་བསྐྱངས་གནང་མཛད་འདུག ༡༩༧༢ ལོར་ཤེས་རིག་ཚོགས་ཆེན་ཐེངས་གཉིས་པ་ལོ་བརྒྱད་ཀྱི་རྗེས་དང་།

ཚོགས་ཆེན་གསུམ་པ་ལོ་ ༡༣ གྱི་རྗེས་ ༡༩༨༥ ལོར་ཚོགས་པ། དེ་ནས་ཚོགས་ཆེན་བཞི་པ་ ༢༠༠༣ ལོར་སྐབས་བཅུ་གཉིས་པའི་བཀའ་ཤག་སླེབས་པའི་རྗེས་ལོར་བསྐྱངས་སྐབས་ལོ་བཅོ་ལྔ་འདས་ཟིན་འདུག གནས་སྟངས་དེ་འདྲ་ལ་བརྟེན་ནས་ན་གཞོན་ཚོའི་བརྒྱུད་ལ་དེང་རབས་ཀྱི་སྤྱིའི་གནས་ཚུལ་ལ་མཐོང་རྒྱ་དང་ཐོས་རྒྱ་ངེས་པར་ཆེ་རུ་སོང་ཡོད་ཀྱང་། དོན་ངོ་མའི་ཤེས་ཡོན་གྱི་ཆུ་ཚད་དང་། ལྷག་པར་བོད་མིའི་གོམས་གཤིས། སྐད་ཡིག ཆོས་རིག་བཅས་པའི་ཁྱད་ནོར་རྣམས་རིམ་ཉམས་མ་ཟད། ཕྱིའི་སྐད་ཡིག་ཀྱང་རང་མགོ་ཐོན་པ་ཞིག་ཆེས་དཀོན་པ། ད་ལྟའི་སྐབས་སུ་དགོས་མཁོའི་མི་ཆ་རྙེད་དཀའ་བའི་གནས་སྟངས་སུ་གྱུར་ཡོད། ང་ཚོའི་གཞོན་སྐྱེས་ཚོའི་ཤེས་ཡོན་གྱི་གནས་ཚད་དང་བོད་མིའི་རྣམ་པ་མཚོན་པའི་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་དཔྱད་ཞིབ་བྱེད་པའི་གདེང་ཆ་གལ་ཆེ་ཤོས་ཤིག་ཤེས་རིག་ཚོགས་ཆེན་འདི་ཉིད་ཡིན་པ་དུས་ནས་དུས་སུ་འཐུས་ཤོར་མ་སོང་བར་ཚོགས་ཐུབ་དགོས་པ་ཇི་བཞིན་མ་བྱུང་བའི་སྐྱོན་གནས་ལས་བྱུང་བ་ངོས་ལེན་སྔོན་འགྱོད་ཕྱིས་བསྡོམས་ཀྱིས་བཟོས་གསོལ་དང་སྦྲགས་ལེགས་བཅོས་ཞུ་དགོས་པ་ཡིན་པས། ཤེས་རིག་ཚོགས་ཆེན་བཞི་པ་གཙོ་བོ་ཚོགས་ཆེན་གསུམ་པའི་རྗེས་ལོ་ ༡༥ རིང་ཆོགས་ཆེན་ཚོགས་མ་ཐུབ་པའི་སྟོང་ཆ་བཀང་སྟེ་ཤེས་ཚད་ཉམས་ཆགས་འགྲོ་བའི་འགལ་རྐྱེན་གཙོ་བོ་གང་ཡིན་པ་འཛིན་སྐྱོང་ནས་དཔྱད་ཞིབ་ཀྱིས་ར་འཕྲོད་པ་ངོ་སྤྲོད་ཐོག་བཅའ་ཁྲིམས་རིན་པོ་ཆེའི་གཞུང་གི་རྩ་བའི་ལམ་སྟོན་ནང་ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་སྲིད་བྱུས་ཡང་དག་ཅིག་དགོས། ཞེས་གསུངས་པ་ལག་བསྟར་མ་བྱུང་བར་ལྷག་པ་དེའི་ལག་བསྟར་གཏན་འབེབས་བཅས་གཙོ་བོར་དམིགས་ཏེ་གྲོས་གཞིར།

༡། སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་ཉམས་ཆག་ཕྱིན་ཡོད་པ་དེའི་རྒྱུ་རྐྱེན་དང་། སླད་ཡར་རྒྱས་གཏོང་ཕྱོགས།

༢། བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ཤེས་ཚད་ཉམས་ཆག་ཕྱིན་ཡོད་པ་དེའི་རྒྱུ་རྐྱེན། སླད་ཤེས་ཚད་ཡར་རྒྱས་གཏོང་ཐབས།

༣། སློབ་གྲྭ་ཁག་གི་ཡ་རབས་བཟང་སྤྱོད་ཡར་རྒྱས་སུ་གཏོང་ཐབས།

༤། དགེ་རྒན་གྱི་ལས་འགན་དང་ཁྱད་ཆོས་ཀྱི་གནས་དོན་བཅས་ཀྱི་ཐོག་བསྐྱངས་པ་དང་།

ཚོགས་ཆེན་ལྔ་པ་འདི་གཙོ་བོ་ཚོགས་ཆེན་བཞི་པའི་མཇུག་སྐྱོང་ཆེད་གྲོས་གཞི།

༡། ཤེས་རིག་ཚོགས་ཆེན་སྔ་མ་དང་སློབ་གྲྭའི་འགན་འཛིན་ཚོགས་ཆེན་སྔ་མའི་གྲོས་ཆོད་ཁག་ལ་འབྲེལ་ཁུངས་སོ་སོ་ནས་མཇུག་གནོན་ཕྱག་བསྟར་ཇི་བྱུང་གི་སྙན་ཐོའི་ཐོག་བསྐྱར་ཞིབ།

༢། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྤེལ་གནང་ཕྱོགས་ཐད་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད།

༣། དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཀྱི་སློབ་ཚན་ཁག་སློབ་འཁྲིད་གནང་ཕྱོགས་ཐད་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད།

༤། ཀུན་སྤྱོད་སློབ་གསོ་དང་སྒྲིག་ལམ་སྲུང་སྐྱོབ་གནང་ཕྱོགས་གང་ཅི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་དེང་རབས་གོང་མའི་རྒྱལ་སྤྱིའི་ལྟ་གྲུབ་ལམ་སྲོལ་དང་མི་འགལ་བར་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད།

༥། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་དེང་ལུགས་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་སྤེལ་ཐབས་དང་ཁྱད་མཁས་མི་སྣ་གསོ་སྐྱོང་གནང་ཕྱོགས་ཇི་དགེ་བཅས་ཀྱི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན།

གཞི་རྩའི་གོང་དུ་ཞུས་པ་བཞིན་ཤེས་རིག་ཚོགས་ཆེན་འདི་ཉིད་དུས་འགྱངས་ནར་ལུས་སུ་མི་འགྲོའི་ཆེད་ཚོགས་ཆེན་བཞི་པའི་སྐབས་ལོ་ལྔ་རེའི་མཚམས་ཚོགས་ཆེན་རེ་ཚོགས་རྒྱུའི་གྲོས་ཆོད་བཞག་པ་དང་། བར་དེར་འགན་འཛིན་ཚོགས་འདུ་ཡང་དགོས་པའི་གྲོས་ཆོད་བྱུང་ཡོད་གཤིས། བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་འདི་ལོ་སྲུང་རྒྱུ་ཡིན་པ་དང་སྟབས་བསྟུན་གྱིས་ཚོགས་རྒྱུའི་ཆེད་དུས་ཚོད་འདིར་སྒྲིག་པ་ཞིག་དང་། ད་ལྟའི་ཟླ་བ་དང་ཚེས་གྲངས་འདི་ནང་ཚོགས་དོན་ནི་དབྱར་དགུན་གྱི་སློབ་གྲྭ་ཚང་མའི་གུང་གསེང་སྟབས་བསྟུན་ཚོགས་བཅར་བ་འཛོམས་ཆེའི་ཆེད་དུ་སྒྲིག་པ་ཞིག་ཡིན།

ཐེངས་འདིའི་ཤེས་རིག་ཚོགས་ཆེན་ལྔ་པའི་གྲུབ་ཆ་ཤེས་རིག་ལས་ཁུངས་ནས་མགྲོན་འབོད་ཞུས་པ། བཙན་བྱོལ་བོད་མིའི་སློབ་གྲྭ།

ཨང་། སློབ་གྲའི་མིང་།   སློབ་གྲྭ་གྲངས། མགྲོན་འབོད་གྲངས། དགོངས་ཞུས། ངོ་བཅར་གྲངས།

༡༽ དབུས་བོད་སློབ་འཛིན་ཚོགས།  ༢༨         ༦༧          ༧         ༦༠

༢༽ རྡ་ས་བོད་ཁྱིམ།          ༡༨         ༧༢          ༣         ༦༩

༣༽ མ་སུ་རི་བོད་ཁྱིམ།        ༢          ༢༢          ༠          ༢༢

༤༽ བལ་ཡུལ་སློབ་ཁག        ༡༣         ༣༤          ༡          ༣༣

༥༽ སམ་བྷོ་ཊའི་སློབ་ཁག      ༡༣         ༣༦          ༠           ༣༦

༦༽ མཐོ་སློབ་ཁག          ༣          ༥           ༠             ༥

༧༽ དགོན་པ་དང་སྒེར་སློབ་ཁག   ༧         ༡༠         ༠             ༡༠

༨༽ ཤེས་རབ་དགའ་ཚལ་སློབ་གླིང་། ༡         ༤          ༡             ༣

བསྡོམས།                 ༨༥         ༢༥༠        ༡༢          ༢༣༨

༩༽ ཤེས་རིག་མདུན་ལམ་སློབ་སྟོན་པ།༢

༡༠༽ ལྡི་ལི་ཤེས་རིག་ལས་འཛིན།   ༡

ཁྱོན་བསྡོམས།          ༢༥༣         ༡༢         ༢༤༡

བཅས་བྱུང་ཡོད། གོང་དུ་ཞུས་པ་བཞིན་ཚོགས་ཆེན་འདི་གལ་ཆེར་རྩིས་ཏེ་མགྲོན་འབོད་ཞུས་པ་བཞིན་ཚོགས་བཅར་གནང་མཁན་ཚང་མར་ཤེས་རིག་ལས་ཁུངས་དང་སྒེར་གྱི་ངོས་ནས་དགའ་བསུ་དང་། དགོངས་འཆར་ལྷུག་པོ་ཡོང་བའི་རེ་བ་ཞུ་བཞིན་ཡོད། ལྷག་པར་དུ་སློབ་ཁག འདི་དག་ནས་དབུས་བོད་སློབ་འཛིན་ཚོགས་ཕུད་པའི་གཞནསློབ་ཁག་ཚང་མ་ད་ལམ་གྱི་ཚོགས་འདུར་རྒྱག་རང་ཁུར་རང་བྱས་ཏེ་ཕེབས་རྒྱུའི་ཚོགས་བརྡ་ཕུལ་བ་བཞིན་འགྲོ་སོང་ཆ་ཚང་རང་ཁོངས་ནས་བཏང་སྟེ་ཕེབས་པ་སྙན་གསེང་ཡང་ཚོགས་ཐོག་ཞུ་རྒྱུ་བཅས།

མཐའ་དོན་མགོན་པོ་གང་ཉིད་ཐུགས་སྟོབས་སྙིང་རྗེའི་གོ་ཆ་ལྷག་པར་བཞེས་ཏེ། ཞབས་ཟུང་སྲིད་མཐའི་བར་དུ་མི་འཇིག་རྡོ་རྗེའི་ཁམས་སུ་རྟག་བརྟན་གཞོམ་བྲལ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་པ་དང་། གུས་འབངས་སྐྱབས་འོག་པ་རྣམས་ཀྱི་ཆོས་མཐུན་གྱི་བྱ་བ་མཐའ་དག་གེགས་མེད་ལམ་ལྷོང་ཡོང་བ་དང་། དེང་ནས་བྱང་ཆུབ་སྙིང་པོའི་བར་མགོན་པོ་གང་ཉིད་ཀྱི་འབྲལ་མེད་མཉེས་བཞིན་རྗེས་སུ་གཟུང་དུ་གསོལ་ཞེས་སྙིང་ཁོངས་རུས་པའི་གཏིང་ནས་རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་། བོད་དོན་བདེ་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་ལམ་བཅས།  ཐུགས་རྗེ་ཆེ།

Share with your friends










Submit