༢༠༠༩ ཕྱི་ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་ ༤ ཚེས་ ༢༠ འམ་ ༢༢ གྱི་མཚན་མོ་ཆུ་ཚོད་ ༩ ཡས་མས་ཤིག་ལ་དཀར་མཛེས་རྫོང་ལྷོ་པ་ཤང་ཁྲུག་ལོ་གྲོང་ནས་ཡིན་པའི་བློ་ཡོན་ཞུ་བ་ཞིག་རང་ཁྱིམ་དུ་གནས་མུས་སྐབས་དམག་མི་ཁྱོན་ཆེ་ཞིག་ཡོང་སྟེ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སྦྱར་ཡིག་སྦྱར་འགྲེམས་བྱས་པའི་རྐྱེན་ལས་ཡིན་པའི་གནས་ཚུལ་འདུག་པ་དང་། ཁོང་ད་ལྟ་རང་ལོ་ ༢༤ སོན་གྱི་ཡོད་འདུག་ཅིང་། ཕ་མིང་དུ་བཀྲིས་ཆོས་རྒྱལ་ཞུ་གི་ཡོད་འདུག ཁོང་འཛིན་བཟུང་བྱས་པ་དང་དུས་མཉམ་དུ་གྲོང་ཚོ་དེ་ག་རང་ནས་ཡིན་པའི་ཕོ་གཞོན་ཞིག་འཛིན་བཟུང་བྱས་འདུག་པ་དང་། ཁོང་གི་མིང་ཁ་གསལ་མི་འདུག་ཀྱང་། མ་མིང་དུ་བློ་ཆོས་སྒྲོན་ཞུ་གི་ཡོད་འདུག