༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་། ༸གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་རྒྱ་ནག་གཞུང་གི་སྐུ་ཚབ་རྣམས་དང་འབྲེལ་མོལ་བཀའ་བསྡུར་ཐེངས་བདུན་པ་གནང་ཆེད་དེ་རིང་རྒྱ་ནག་ཏུ་འབྱོར་རྒྱུ་རེད།
སྐུ་ཚབ་རྣམས་དང་ལྷན་དུ་ཁོང་རྣམ་པའི་ལས་རོགས་རྒན་གྲས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དྭགས་པོ་བསོད་ནམས་ནོར་བུ་དང་། བུ་ཆུང་ཚེ་རིང་གཉིས་དང་། བཀའ་ཡིག་བོད་རྒྱ་ཞི་མོལ་སྡེ་ཚན་གྱི་ལས་བྱེད་འཇིགས་མེད་པ་སངས་བཅས་ཕེབས་ཡོད།
ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་ནག་གཞུང་གི་སྐུ་ཚབ་སོ་སོའི་བར་ཧྲེན་ཀྲེན་དུ་སྟབས་བདེ་ནང་ལུགས་ཀྱི་ཚོགས་འདུ་བསྐྱངས་སྐབས་སུ། དེ་སྔ་ཕྱི་ལོ་ ༢༠༠༢ ལོར་འགོ་འཛུགས་བྱུང་བའི་འབྲེལ་མོལ་གྱི་ལས་རིམ་རྒྱུན་སྐྱོང་བྱ་རྒྱུ་དང་། ཕྱོགས་གཉིས་བར་གྱི་འབྲེལ་མོལ་བཀའ་བསྡུར་ཐེངས་བདུན་པ་དེ་བཞིན་གཉིས་མོས་ཀྱི་དུས་ཚེས་ཤིག་གི་ཐོག་གང་མགྱོགས་བསྐྱང་རྒྱུ་བཅས་ཀྱི་གྲོས་འཆམ་བྱུང་ཡོད་པ་རེད།
ད་རེས་ཀྱི་འབྲེལ་མོལ་ཚོགས་འདུ་འདི་ནི་གཉན་འགངས་ཆེ་བའི་དུས་ཚོད་ཅིག་གི་ཐོག་འཚོག་བཞིན་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཚབ་རྣམ་གཉིས་ལ་གཞིས་ལུས་བོད་མི་ཚོས་རང་གི་ཡུལ་ལུང་ནང་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གནས་སྟངས་དེར་མངོན་གསལ་ཆེ་བའི་ཡར་རྒྱས་ཡོང་བའི་དོན་དུ་ཐབས་ཤེས་ཡོད་རྒུ་སྤྱོད་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་ཡོད་པ་དང་། ད་རེས་ཀྱི་འབྲེལ་མོལ་བཀའ་བསྡུར་འདིས་ཡུན་རིང་ནར་འགྱངས་སུ་ལུས་པའི་བོད་ཀྱི་གནད་དོན་འདི་དག་ཞི་མོལ་བྱས་པ་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་མི་རིགས་ཡོངས་རྫོགས་ཀྱི་བརྟན་ལྷིང་དང་། ཆིག་བསྒྲིལ། འཆམ་མཐུན་བཅས་ཀྱི་ཁེ་ཕན་ཁག་རྩ་བཟུང་གི་ཐོག་ནས་གཙང་སེལ་ཐུབ་པའི་ཕྱོགས་སུ་ལེགས་སྐྱེས་འབུལ་ཐུབ་པའི་ང་ཚོས་རེ་བ་བྱེད་ཀྱི་ཡོད།
སྐབས་འདིའི་འབྲེལ་མོལ་བཀའ་བསྡུར་རྣམས་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡ ནས་ ༢ བར་པེ་ཅིང་དུ་བསྐྱང་རྒྱུ་རེད།
༸སྐུ་ཡིག་དྲུང་ཆེ་འཆི་མེད་རིག་འཛིན་ནས།
ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༣༠ ལ།།
ཐུགས་སྣང་། གསལ་བསྒྲགས་ངོ་མ་དབྱིན་ཡིག་ཐོག་སྤེལ་ཡོད་པ་ནས་བོད་སྒྱུར་ཞུས། རྩ་འགྱུར་བར་ཚིག་དོན་ལ་ཧེ་བག་ཡོད་ཚེ། རྩ་བ་དབྱིན་ཡིག་རང་ལ་རྩ་འཛིན་ཡོང་བ་ཞུ།