༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༡༢ རེས་གཟའ་སྤེན་པ་ཉིན་ཨིན་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཨིན་ཡུལ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གཉིས་ཟུང་སྦྲེལ་ཐོག་ཡུལ་དེའི་མཐོ་སློབ་ཁག་ཏུ་འགྲིམས་བཞིན་པའི་བོད་པའི་གཞོན་སྐྱེས་རྣམས་ལ་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད།
ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། སློབ་ཕྲུག་ཚོར་བོད་ཀྱི་རྩ་དོན་ལ་གོ་རྟོགས་ཡོང་ཐབས་དང་། ལྷག་པར་འདི་ལོར་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་གཏན་ཁེལ་བ་དང་སྟབས་བསྟུན་བོད་དང་འབྲེལ་བའི་ལས་རིམ་ཁག་གོ་སྒྲིག་བྱེད་ཐུབ་པར་སེམས་ཤུགས་སྤྲོད་རྒྱུ་ཡིན་པ་རེད།
དེ་ཡང་ཐོག་མར་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས་ལས་འགུལ་གྱི་དགོས་དམིགས་ངོ་སྤྲོད་གནང་བ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་སྒྲོམ་གཞི་དང་། སྐུ་ཚབ་དོན་ཁང་ཁག་བརྒྱུད་འཛམ་གླིང་ཁྱོན་ཡོངས་སུ་ཞུ་གཏུག་གི་ལས་དོན་སྤེལ་བཞིན་པའི་སྐོར་གསུང་བཤད་གནང་ཡོད།
དེ་ནས་སྦར་མིང་ཧམ་གཙུག་ལག་སློབ་གྲྭའི་རྒྱལ་སྤྱིའི་འབྲེལ་ལམ་སྐོར་གྱི་སློབ་དཔོན་འབུམ་རམས་པ་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་གཙུག་ལག་སློབ་གྲྭའི་ནང་བོད་དོན་ལ་རྒྱབ་སྐྱོར་གང་མང་ཡོང་ཐབས་ཀྱི་ལམ་སྟོན་གནང་རྗེས། ཨིན་ཡུལ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་རྒྱལ་ཡོངས་འབྲེལ་མཐུད་པ་འབུམ་རམས་པ་ཏཱ་ར་ལྷ་མོ་ལགས་ཀྱིས་ལས་འཆར་གཉིས་ངོ་སྤྲོད་གནང་སྟེ། དང་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་ Voice for the Voiceless ཞེས་པ་དང་ལྷན་དུ་གསར་གཏོད་ཀྱི་འབྲེལ་གཏུག་བྱེད་རྒྱུ་དང་། གཉིས་པ་སློབ་ཕྲུག་ཚོར་༸གོང་ས་མཆོག་གི་༸སྐུའི་གོ་སྟོན་གྱི་འཁྲུངས་སྐར་ལ་ལག་བྲིས་ཀྱི་འཚམས་འདྲི་འབྲི་རྒྱུར་མགྲོན་འབོད་ཞུས་ཡོད།
དེ་བཞིན་ཨིན་ཡུལ་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་ (Free Tibet) ཞེས་པས་བོད་རང་དབང་ཚོགས་པའི་ལས་འགུལ་འགན་འཛིན་བསྟན་འཛིན་རབ་དགའ་བཀྲ་ཤིས་ལགས་ཀྱིས་ད་ལྟ་འགྲོ་བཞིན་པའི་ལས་འགུལ་ཁག་དང་། འཐབ་རྩོད་ཀྱི་ཐབས་ལམ་སྐོར་གླེང་མོལ་གནང་བ་དང་། ཨིན་ཡུལ་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་གཞོན་སྐྱེས་འབྲེལ་མཐུད་པ་རྣམ་རྒྱལ་ལགས་ཀྱིས་སློབ་ཕྲུག་དང་སྤྱི་ཚོགས་ཞབས་ཞུ་གཉིས་དབར་ཆ་སྙོམས་བྱེད་པའི་རང་ཉིད་ཀྱི་ཉམས་མྱོང་སྐོར་གསུངས་པ་དང་འབྲེལ་གཞན་རྣམས་ལའང་མཉམ་ཞུགས་བྱེད་དགོས་པའི་སྐུལ་མ་གནང་།
མཐར་ཨིན་ཡུལ་སྐུ་ཚབ་དོན་ཁང་ནས་གང་མྱུར་ཨིན་ཡུལ་གྲོས་ཚོགས་ཁང་དུ་སློབ་ཕྲུག་ལྟ་སྐོར་གོ་སྒྲིག་བྱ་རྒྱུའི་ཁས་ལེན་གནང་སྟེ་ཟབ་སྦྱོང་མཇུག་སྒྲིལ་ཡོད། ཟབ་སྦྱོང་གི་རིམ་པ་གཉིས་པ་དེ་སྟོན་ཁའི་སློབ་དུས་གསར་པ་མ་འགོ་འཛུགས་གོང་དུ་འཚོགས་འཆར་ཡོད་པ་བཅས།།