
སྐབས་དེར་བྱང་ཨ་རི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་རིང་སྒྲོལ་མ་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་གཉིས་ནས་དོན་ཁང་སྐུ་ཚབ་ཐོག་མེ་ཏོག་ཞག་འཁོར་སྒྲོན་འབུལ་གནང་ནས་དམར་ཤོག་འོག་གནོད་འཚེ་འཕོག་མཁན་རྣམས་ལ་གདུང་སེམས་དང་ལྷན་བསྔོ་སྨོན་ཞུས་པ་དང་། གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་པ་ལྷན་རྒྱས་ཀྱང་མཛད་སྒོར་མཉམ་བཞུགས་གནང་ཡོད། ལོ་ལྟར་ཕྱི་ཟླ་དྲུག་པའི་ནང་གཞུང་ཚབ་ཁང་ཁག་གིས་གཙོས་ཚོགས་སྡེ་འདྲ་མིན་ལྷན་འཛོམས་ཀྱིས་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་མི་མང་རྣམས་རྗེས་དྲན་ཞུ་བ་དང་འབྲེལ། རང་དབང་གི་རྒྱལ་ཁ་སྲུང་བརྩི་དང་། འཛམ་གླིང་དམར་ཤོག་རིང་ལུགས་ནས་ཐར་ཐབས་སླད་དུས་དྲན་གོ་སྒྲིག་ཞུ་བ་དང་ཆབས་ཅིག ཞི་བདེ་དང་། རང་དབང་ཆེད་བློས་གཏོང་རྒྱ་ཆེ་གནང་མཁན་གང་ཟག་ལ་གཟེངས་རྟགས་འབུལ་སྲོལ་ཡོད། འདི་ལོར་དེ་སྔོན་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཁྲིན་ཀོང་ཁྲིང་ལགས་ནས་དམིགས་བསལ་སྐུ་མགྲོན་ཐོག་གཏམ་བཤད་གནང་ཡོད་པ་རེད།

མཛད་སྒོའི་ཐོག་རྒྱལ་ཁབ་ ༡༧ ལྷག་གི་གཞུང་ཚབ་ཀྱི་སྐུ་ཚབ་དང་། བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། ཏའི་པེའི་ (Taipei) ཚོང་དང་རིག་གཞུང་སྐུ་ཚབ། རྒྱལ་ཁབ་འདྲ་མིན་ནས་ཡིན་པའི་ཚོགས་སྡེ་ཁག་བཞི་བཅུ་བརྒལ་བས་མཉམ་ཞུགས་གནང་ཡོད། །


