༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༠༩ ཉིན་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། ཡུ་རོབ་ཞུ་གཏུག་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐོག་དོ་སྣང་དགོས་གལ་དང་། བོད་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་ཆེད་ཡུ་རོབ་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད།
དེ་ཡང་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་གོ་སྐབས་འདི་བརྒྱུད་བོད་ཀྱི་ཆོས་ཕྱོགས་ཀྱི་མི་སྣ་གལ་ཆེན་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཡཏ་ནཱམ་ནང་རྒྱ་ནག་གི་བཀག་ཉར་འོག་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་གནད་དོན་དང་། བོད་མིའི་སྒྲིག་འཛུགས་ནས་གནད་དོན་འདིའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དང་། ཝི་ཡཏ་ནཱམ་དབང་འཛིན་པར་སྐྱོན་བརྗོད་དང་། འགན་འཁྲི་དགོས་པའི་གསར་འགོད་གསལ་བསྒྲགས་ཀྱི་འདྲ་བཤུས་རྣམས་འགྲེམས་སྤེལ་གནང་ཡོད།
དེ་བཞིན་སྐུ་ཚབ་དོན་གཅོད་ཀྱིས་རྒྱ་ནག་གིས་བོད་ཐོག་དམ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་གལ་ཆེ་བའི་སྐོར་ནན་བརྗོད་དང་སྦྲགས། ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
ཡུ་རོབ་གྲོས་ཚོགས་འཐུས་མི་རྣམ་པས་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་སེམས་འཚབ་ཡོད་པ་དང་། གྲོས་ཚོགས་ཀྱི་བགྲོ་གླེང་དང་། གཞུང་འབྲེལ་ཚོགས་འདུ། གང་ཅིའི་ཐད་ནས་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་གནང་ཡོད།
བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱིས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་ལྟར་དབུ་མའི་ལམ་གྱི་སྲི་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་ཡོད་པ་བཅས།།