༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༡༦ ཉིན་རེས་གཟའ་ལྷག་པ་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་དུ་རྩིས་ཞིབ་སྤྱི་ཁྱབ་པ་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་གསང་རྒྱའི་དམ་བཅའ་ཕུལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་བླ་བྲང་འཕགས་པ་ཚེ་རིང་མཆོག་བཅས་བཞུགས་གྲལ་དུ་འཁོད་མཚམས། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། རྩིས་ཞིབ་སྤྱི་ཁྱབ་པ་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་གསང་རྒྱའི་དམ་བཅའ་བཞེས་རྗེས། ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་གཞན་གཉིས་ནས་རིམ་བཞིན་རྩིས་ཞིབ་སྤྱི་ཁྱབ་པར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས། དེ་ནས་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་འབུལ་རྗེས་མཛད་སྒོ་གྲོལ་ཡོད་པ་བཅས།།