
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༡༢ ཉིན་འཛམ་གླིང་ནང་གི་གཙུག་ལག་སློབ་གྲྭ་རྙིང་ཤོས་གྲས་སུ་ཡོད་པའི་ཨལ་མ་མ་ཊེར་སི་ཊུ་ཌི་ཨོ་རུམ་(Alma Mater Studiorum) ཞེས་ཨི་ཊ་ལིར་རྟེན་གཞི་བྱས་པའི་བྷོ་ལོ་ན་གཙུག་ལག་སློབ་གཉེར་ཁང་གི་མཐུན་འགྱུར་འོག་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་གུས་བརྩི་ཞུ་སླད། གཙུག་ལག་སློབ་གྲྭ་དེའི་ནང་བགྲོ་གླེང་ཚོགས་འདུ་ཁྱད་པར་ཅན་ཞིག་ཚོགས་ཡོད་པ་དང་བགྲོ་གླེང་འདི་ནི་བྱམས་བརྩེ་གླིང་ཆོས་ཚོགས་དང་། ཨི་ཊ་ལི་དང་བོད་མཛའ་འབྲེལ་ཚོགས་པ། ཨི་ཊ་ལི་བོད་རིགས་ཚོགས་པ། དེ་བཞིན་ཨི་ཊ་ལི་ནང་པའི་མཐུན་ཚོགས་བཅས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན།
ཚོགས་འདུ་ཐོག་སྐུ་མགྲོན་ཁོངས་སུ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། བྷོ་ལོ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཁྲིམས་ལུགས་མཁས་དབང་སློབ་དཔོན་ཨན་ཊོ་ནེལ་ལོ་ཌེ་ཨོ་ཊོ་ལགས། (Professor Antonello De Oto) དེ་བཞིན་ཨི་ཊ་ལི་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་ཁི་ལའུ་ཌི་ཡོ་ཁར་ཌེལ་ལི་ལགས། (Dr. Claudio Cardelli) བོད་ཀྱི་རིག་གཞུང་མཐུན་ཚོགས་ཀྱི་ཚོགས་གཙོ་འབུམ་རམ་པ་པི་ཡེ་རོ་ཝེར་ནི་ལགས། (Dr. Piero Verni) སྐུ་མགྲོན་ཁོངས་སུ་གཞན་ཡང་བྱམས་བརྩེ་གླིང་སེན་ཊརོ་རི་ཇིམ་ལྟེ་གནས་ཀྱི་འབུམ་རམ་པ་པའོ་ལོ་རོ་བྷེར་ཊི་དི་སར་སི་ན་ལགས། (Dr. Paolo Robert di Sarina) ཨི་ཊ་ལི་བོད་རིགས་ཚོགས་པའི་སྐུ་ཚབ། དེ་བཞིན་ཨི་ཊ་ལི་པོ་མ་ཡ་བླ་མ་ཙོང་ཁ་པའི་བསྟི་གནས་ཁང་གི་འགན་འཛིན་ལུ་སི་ཡ་ལན་ཌི་ལགས། (Mrs. Lucia Landi) བོ་ལ་ན་སྤྱན་རས་གཟིགས་ཆོས་ཚོགས་ཀྱི་འགན་འཛིན་ལྕམ་མ་རི་ཡ་ག་རི་ཛ་མ་ཕི་ཡ་ལགས། (Mrs. Maria Grazia Maffia) བྷོ་ལ་ནོ་དྷརྨ་ཀ་ཡ་ལྟེ་གནས་ཀྱི་འགན་འཛིན་མ་ཁོ་སེཊ་ཊ་མེན་གྷོ་ལི་ལགས། (Mrs. Cosetta Mengoli) བཅས་ཁྱོན་བསྡོམས་མི་གྲངས་ ༣༠ ལྷག་འདུ་འཛོམས་གནང་ཡོད།


