
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༡༡ ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བྷོལ་ཛ་ནོའི་རང་སྐྱོང་མངའ་སྡེའི་སྲིད་འཛིན་ཨར་ནོ་ཀོམ་པཊ་ཤར་ (Arno Kompatscher) མཆོག་དང་ལྷན་དུ་ཝིཌ་མན་ཕོ་བྲང་དུ་གཞུང་འབྲེལ་མཇལ་འཕྲད་གནང་བ་དང་། གུན་ཐར་ཀོ་ལོག་ན་ (Dr. Günther Cologna of Eurac Research) ལགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུགས་པ་ཕུན་ཚོགས་སྟོབས་རྒྱལ་ལགས་གཉིས་ལྷན་བཅར་ཞུས་ཡོད།
སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ནས་མངའ་སྡེའི་སྲིད་འཛིན་མཆོག་ལ་འདི་ལོ་ཕྱི་ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་རྒྱུ་ཡིན་པ་དང་། བོད་མི་དང་ཁོང་གི་རྗེས་འབྲང་བ་རྣམས་ནས་འཛམ་བུ་གླིང་ཡོངས་ལ་གོ་སྟོན་སྲུང་བརྩི་དང་ལོ་འདི་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་གནང་རྒྱུ་ཡིན་པ་གསལ་བཤད་གནང་ཡོད། ད་དུང་སྐུ་ཚབ་དོན་གཅོད་ནས་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་ (Voice for the Voiceless) ཞེས་པ་ཇར་མན་སྐད་དུ་ཡོད་པ་ཕུལ་བ་མ་ཟད། ༸གོང་ས་མཆོག་གིས་ཕྱག་དེབ་ནང་གསལ་བ་བཞིན་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་དང་མ་འོངས་པར་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད།
བྷོལ་ཛ་ནོའི་རང་སྐྱོང་མངའ་སྡེ་ནི། བོད་མིའི་སྤྱི་ཚོགས་ལ་དུས་ཡུན་རིང་པོ་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པའི་སྲོལ་རྒྱུན་ལ་ངོས་འཛིན་བྱས་ཏེ། སྲིད་འཛིན་ཀོམ་པཊ་ཤར་མཆོག་གིས་བྷོལ་ཛ་ནོའི་རང་སྐྱོང་མངའ་སྡེའི་བོད་མིའི་སྤྱི་ཚོགས་ལ་དུས་ཡུན་རིང་པོ་ནས་འཕེལ་རྒྱས་ལས་འཆར་ཁག་ལ་དངུལ་གྱི་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ད་དུང་མུ་མཐུད་གནང་རྒྱུའི་དམིགས་ཡུལ་ཡོད་ཅེས་བསྐྱར་ནན་གནང་ཡོད། ཕྱི་ལོ་ ༡༩༩༣ ནས་བཟུང་མངའ་སྡེའི་སྲིད་གཞུང་གིས་བཙན་བྱོལ་བོད་གཞུང་དང་ཐད་ཀར་འབྲེལ་བ་གནང་ཡོད། དེ་ནས་བཟུང་ད་བར་ལྷོ་ཊི་རོལ་གྱིས་བོད་མི་ཚོའི་ཁེ་ཕན་ཆེད་ལས་འཆར་གྲངས་ ༤༠ ལྷག་ལ་ཡུ་རོ་ས་ཡ་ ༢ ཙམ་ཟིན་པའི་མ་རྩ་བཏང་ཡོད། དེའི་ནང་དུ་ཤེས་ཡོན་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་བསྐྲུན་པ་དང་། ཞིང་ལས་ཀྱི་ཡར་རྒྱས་ལ་རྒྱབ་སྐྱོར་གནང་བའི་ཐབས་ལམ་ཁག་ཚུད་ཡོད།
