༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༠༨ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཉེ་ལམ་བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་དང་། ཁོང་གི་ཕྱག་རོགས་བདེ་གསལ་ལགས་རྣམ་གཉིས་གདན་ཞུས་ཀྱིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་འདས་གྲོངས་སུ་གྱུར་པའི་གནས་སྟངས་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་སྤྲུལ་སྐུ་ཙམ་མ་ཟད་བོད་ནང་སྙན་གྲགས་ཡོད་པའི་རྩོམ་པ་པོ་དང་། སྙན་ངག་པ། ལོ་ཙ་བ་བཅས་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་རེད། ད་ལྟའི་ཁོང་གི་གནས་སྟངས་དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་སྔ་ལོར་ལུང་སྔོན་དགོན་པར་གདན་འདྲེན་བྱས་སྐབས་རྒྱ་ནག་གི་འདོད་བློ་བཞིན་སྣེ་ལེན་བྱས་མེད་པ་དང་། ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་པ་གསོལ་འདེབས་ལྗགས་རྩོམ་གནང་བ། དེ་བཞིན་བོད་ནང་རྒྱ་ནག་གུང་ཁྲན་ཏང་གི་ལངས་ཕྱོགས་ལས་བརྒལ་གྱི་ཡོད་པ་བཅས་ཉེས་འཛུགས་བྱས་པའི་ཉེན་ཁ་ལ་བརྟེན་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ནས་བཟུང་ཝི་ཡཏ་ནཱམ་དུ་གསང་བའི་ངང་བཞུགས་དགོས་པ་བྱུང་། དེ་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༢༥ ཉིན་ཝི་ཡཏ་ནཱམ་རྒྱལ་ཁབ་ཀྱི་གྲོང་ཁྱེར་སའི་གྷའོ་ཞེས་པར་ཁོང་གི་བཞུགས་ཤག་ཏུ་ཉེན་རྟོག་པ་དང་། རྒྱ་ནག་གསང་བའི་མི་སྣ་བཅས་སླེབས་ཏེ་མཉམ་འབྲེལ་ཐོག་ཁོང་འཛིན་བཟུང་བྱས་ཡོད་ཅིང་། ཕྱི་ཟླ་ ༠༤ ཚེས་ ༠༡ ཉིན་ལུང་སྔོན་དགོན་པའི་འགན་ཡོད་མི་སྣ་སྐད་བཏང་སྟེ་རིན་པོ་ཆེ་འདས་གྲོངས་ཕྱིན་པའི་ཡིག་ཆ་བསྟན་པ་ཙམ་ལས་ལེན་དུ་བཅུག་མེད་པ་དང་། པར་ལེན་བཅུག་མེད་པ་འགྲེལ་བརྗོད་གནང་སོང་།
དེ་བཞིན་རྒྱ་ནག་གཞུང་གིས་བསྟན་པའི་ཡིག་ཆའི་ནང་ཕྱི་ཚེས་ ༢༩ ཉིན་སྐུ་གྲོངས་ཡོད་པ་བཀོད་ཡོད་ཀྱང་། ཕྱི་ཚེས་ ༢༨ ཉིན་ཝི་ཡཏ་ནཱམ་གྱི་ཆོས་ཚོགས་དང་ཉེན་རྟོག་པ་བཅས་ལ་མགོ་ལོག་ནས་ཡིན་པའི་ཧཱུྃ་ཀར་རྡོ་རྗེ་ཞེས་པ་འདས་གྲོངས་སུ་གྱུར་ཡོད་པ་ངོ་ཤེས་ཀྱི་ཡོད་མེད་བཅས་དྲི་རྩད་བྱས་ཡོད་བཅས་ཁ་མི་མཐུན་པ་ནི་གསང་བ་དང་ཉེན་ཁ་ཆེན་པོ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་གསུངས། འདིར་ཡོད་པའི་རིན་པོ་ཆེའི་ནང་མི་དང་། སློབ་མ། སྤུན་མཆེད། དེ་བཞིན་ལུང་ཚན་གཅིག་པ་རྣམས་ཀྱིས་ཝི་ཡཏ་ནཱམ་གཞུང་དང་རྒྱ་ནག་གཞུང་གཉིས་ནས་ཁོང་གི་གྲོངས་རྐྱེན་ཐོག་ཁ་གསལ་དགོས་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་དེའི་ཐོག་ཞིབ་འཇུག་ནན་པོ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད།
གཞན་ཡང་གསར་འགོད་གསལ་བསྒྲགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་དེ་ལྟར་གསལ་ཁ་མེད་པར་རྒྱ་ནག་གཞུང་གི་དོ་དམ་འོག་གློ་བུར་དུ་འདས་གྲོངས་སུ་གྱུར་བར་སྐྱོན་བརྗོད་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་དང་ཝི་ཡཏ་ནཱམ་གཞུང་ལ་དངོས་ཡོད་གནས་སྟངས་གསལ་བཀྲོལ་དགོས་སྐོར་སྐུལ་དེད་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་བ་མ་ཟད། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ཞུགས་འབུལ་ཆེད་ལུང་སྔོན་དགོན་པར་སྐུ་ཕུང་རྩིས་སྤྲོད་དགོས་པའི་ནན་བརྗོད་གནང་ཡོད། ལྷག་པར་ཉེ་ལམ་རྒྱ་ནག་གཞུང་གིས་དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ཟེར་བའི་བོད་ཐོག་རྒྱབ་ཤ་དཀར་པོའི་ཡིག་ཆ་ཁྱབ་བསྒྲགས་བྱས་ཏེ། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་ཕྱིན་ཡོད་ལུགས་བརྗོད་བཞིན་པ་ནི་དངོས་བདེན་མིན་པ་དང་བོད་ས་ཁྱོན་ཡོངས་སུ་ད་དུང་དམ་དྲག་བྱེད་བཞིན་ཡོད་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གནས་སྟངས་ལས་ར་སྤྲོད་ཐུབ་ཀྱི་ཡོད་པ་གསལ་སྟོན་གནང་ཡོད། །