༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༢༡ ཉིན་ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སི་སི་མཆོག་དགུང་ལོ་ ༨༨ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་དང་ཁོང་གི་རྗེས་འཇུག་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཞུ་སླད། ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༢༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཞིག་འཚོགས་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། ཚང་མས་མཁྱེན་གསལ་ལྟར་ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སི་སི་མཆོག་དགུང་ལོ་ ༨༨ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་སྲིད་སྐྱོང་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་ཆེད་འཛོམས་གནང་ཡོད། འཛམ་གླིང་ཡུལ་གྲུ་གང་སར་མཆོད་འབུལ་སྨོན་ལམ་འཚོགས་བཞིན་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ནས་ཀྱང་མཆོད་འབུལ་སྨོན་ལམ་འཚོགས་རྒྱུའི་འགན་ཆགས་ཡོད།
དམ་པ་ཁོང་ཕྱི་ལོ་ ༢༠༡༣ ལོར་ཡེ་ཤུའི་བླ་ཆེན་པོབ་དུ་བདམས་ཐོན་བྱུང་བ་ནས་བཟུང་ལོ་ངོ་བཅུ་གཉིས་ཙམ་གྱི་རིང་ཡེ་ཤུའི་བླ་ཆེན་གྱི་ཐུགས་འགན་བཞེས་བཞིན་པའི་སྐབས་ཆོས་ལ་ཡིད་ཆེས་བྱེད་མཁན་དང་མི་བྱེད་མཁན་ཚང་མས་བླ་ཆེན་ཁོང་ལ་གུས་བརྩི་དང་། ཆེས་མཐོང་། ཡིད་ཆེས། དགའ་སྣང་ཆེན་པོ་ཡོད་པ་ཡོངས་གྲགས་རེད། ཚང་མས་སྨོན་ལམ་ཡག་པོ་སྐྱོན་རོགས། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༤ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད། །