༄༅། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའམ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རིན་པོ་ཆེ་མཆོག་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གར་ཡོད་ཀྱི་གནས་སྟངས་ཐད་ཡོངས་ཁྱབ་དགོས་པའི་ནན་བརྗོད་གནང་ཡོད།
དེ་ཡང་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ལག་ཏུ་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པའི་སྦྱར་ཡིག་འཕྱར་བཞིན། རིན་པོ་ཆེ་མཆོག་ད་ལྟ་གང་དུ་ཡོད་མེད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་འགན་ཡོད་པ་གསལ་འདོན་གནང་ཡོད། ཕྱོགས་མཚུངས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་སྲིད་བྱུས་ཐོག་རྐང་འགན་འཁུར་བཞེས་མཁན་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཆོག་གི་མཚན་ཐོག་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར་དྲི་བ་ཕུལ་ཡོད་པ་རེད་འདུག
སྤྱིར་སྐྱེས་སྐར་ནི་རང་གི་གཉེན་ཉེ་དང་ལྷན་དུ་དགའ་སྤྲོའི་ངང་སྲུང་བརྩི་ཞུ་རྒྱུའི་དུས་ཚིགས་ཤིག་ཡིན་ནའང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་གཞི་རྩའི་ཐོབ་ཐང་འདི་ཡང་ཐོབ་མེད་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༩༥ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཅིང་། ངོས་འཛིན་མཛད་ནས་ཉིན་གྲངས་གསུམ་ལས་མ་སོང་བར། རྒྱ་ནག་གཞུང་གིས་དགུང་གྲངས་དྲུག་ལ་སོན་པའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་བཏང་ནས་དུས་ད་ལྟའང་གར་ཡོད་ཀྱི་གནས་སྟངས་ཁ་གསལ་མེད་པར་དེ་མུར་ལུས་ཡོད་པ་ནི། ཆོས་ལུགས་དང་རིག་གཞུང་ཐོབ་ཐང་ལ་གཉའ་གནོན་གྱི་གནད་དོན་ཞིག་ཆགས་ཡོད་པ་རེད།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་འདི་ནས་རྒྱ་ནག་གིས་བོད་མིའི་ངོ་བོ་དང་། ཆོས་ལུགས། རིག་གཞུང་བཅས་ལ་ཐོག་མུ་མཐུད་དམ་བསྒྲགས་བྱེད་བཞིན་པའི་རྣམ་པ་གསལ་པོ་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་དང་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆིངས་ཡིག་སོགས་ལ་མིང་རྟགས་འགོད་མཁན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་རྡོག་རོལ་བཏང་སྟེ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་བོད་ཕྲུག་མང་པོའི་ཐོབ་ཐང་བཙན་འཕྲོག་བྱས་ཡོད།
བོད་ཀྱི་གནའ་བོའི་ནང་པའི་སྲོལ་རྒྱུན་དང་མཐུན་པར་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་གལ་ཆེ་བའི་ཆོས་ཕྱོགས་ཀྱི་སྐྱེས་ཆེན་ཞིག་ཡིན་པ་དང་། ཁོང་གར་སོང་ཆ་མེད་དུ་གྱུར་པ་ནི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་བསམ་བློ་དང་། ཡིད་ཆེས་བཅས་ཀྱི་རང་དབང་གི་རྩ་དོན་ལ་ཚབས་ཆེའི་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན།
ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཐོག་འཛམ་གླིང་ཡོངས་ལ་གསལ་བཤད་དགོས་ཞེས་རེ་འདུན་བཏོན་ཡོད་པ་བཅས།།