༄༅། །ཕྱི་ལོ་ ༢༠༢༥ ཟླ་བ ༤ ཚེས་ ༢༧ ཉིན་ཨིན་ཡུལ་རྒྱལ་ས་ལོན་ཌོན་གྱི་ནུབ་བྱང་ཕྱོགས་ནས་ས་ཐག་ཉེ་བའི་མིལ་ཊོན་ཀིན་སིའི་ (Milton Keynes) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ནི་པོན་ཛན་མྱོ་ཧོ་ཇི་ནང་པའི་དགོན་པར་ (Nipponzan Myohoji Buddhist Temple) བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད། སྐབས་དེར་བོད་མི་དང་། ཡུལ་མི་བཅས་ཁྱོན་མི་གྲངས་ ༥༠ ཙམ་མཉམ་ཞུགས་ཀྱིས་ཐོག་མར་དཀོན་མཆོག་ཉི་མ་ལགས་ཀྱིས་སྣེ་ཁྲིད་དེ་སྨོན་ལམ་གསུང་འདོན་གནང་།
དེ་ནས་ཉི་འོང་ནང་པའི་དགོན་དུ་མ་རུ་ཏཱ་ (Sister Maruta) ལགས་ཀྱིས་བོད་ཀྱི་རྒྱལ་དར་ལ་རབ་གནས་གནང་རྗེས་མིལ་ཊོན་ཀིན་སིའི་སྤྱི་ཁྱབ་པ་ལྕམ་མེ་རི་བྷ་རེཌ་བྷན་དང་། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་གཉིས་ཀྱིས་རྒྱལ་དར་སྒྲེང་འཛུགས་གནང་།
དེ་ཡང་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱི་མིལ་ཊོན་ཀིན་སི་རུ་གཟིགས་སྐོར་ཐོག་མར་ཡིན་ཞིང་། ཁོང་མོས་སྤྱི་ཁྱབ་པ་ལྕམ་མེ་རི་ལགས་དང་མཉམ་ཞུགས་པ་རྣམས་ལ་བོད་དོན་ཐོག་རྒྱུན་མཐུད་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་འབྲེལ་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་གསལ་བཤད་གནང་། དེ་བཞིན་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཤུགས་ཆེ་རུ་བཏང་བའི་སྐོར་འགྲེལ་བརྗོད་གནང་སྐབས་ཉེ་ལམ་ཝི་ཡཏ་ནཱམ་དུ་སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་དོགས་གཞི་ཅན་གྱི་འདས་གྲོངས་སུ་གྱུར་བ་དང་། མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭ་ཁག་གིས་བོད་ཀྱི་ངོ་བོར་གནོད་སྐྱོན་བཟོས་པའི་གནད་དོན་ཐོག་ལ་གསལ་སྟོན་གནང་།
དེ་མཚུངས་སྤྱི་ཁྱབ་པ་ལྕམ་མེ་རི་བྷ་རེཌ་བྷན་ལགས་ཀྱིས་མི་སེར་སྤེལ་བའི་སྒྲིག་འཛུགས་ནང་གི་བོད་ཕྲུག་ཚོའི་དཀའ་ངལ་སྐོར་སེམས་འཚབ་བསྟན་ཞིང་། ཁོང་མོས་མཛད་སྒོར་མཉམ་ཞུགས་བྱེད་པ་ནི་རང་དབང་ལ་དགའ་བའི་མི་རྣམས་དང་། ལྷག་པར་བོད་ནང་གི་བོད་མི་རྣམས་ལ་རྒྱབ་སྐྱོར་གྱི་བརྡ་ལན་ཤུགས་ཆེ་ཞིག་ཡིན་པ་ནན་བརྗོད་གནང་།
དེ་རྗེས་མིལ་ཊོན་ཀིན་སིར་རྒྱལ་དར་སྒྲེང་འཛུགས་ཀྱི་ལམ་སྲོལ་འགོ་འཛུགས་པར་ཐུགས་འགན་གཙོ་བོར་གནང་མཁན་ལྕམ་ཀེ་ཐ་རིན་མོ་སི་ཊིན་སི་ཀོཊ་ལགས་ཀྱིས་བོད་མི་བཙན་བྱོལ་བ་ཚོས་ཧི་མ་ལ་ཡ་རི་རྒྱུད་བརྒལ་ནས་བཙན་བྱོལ་དུ་ཡོང་བའི་སྐབས་ཀྱི་དཀའ་སྡུག་སྐོར་དྲན་སྐུལ་གནང་གྲུབ་རྗེས་ས་གནས་དང་བླངས་དང་། གོ་སྒྲིག་གཙོ་བོ་གནང་མཁན་ཨིན་ཌི་གོ་སིང་ལགས་ཀྱིས་སྙན་ངག་གྱེར་སྟོན་དང་། དེ་བཞིན་གཞས་པ་ལི་སྦེ་ལིང་ཧེམ་ལགས་ཀྱིས་རང་དབང་ལ་བསྔགས་པའི་གླུ་དབྱངས་གཟིགས་འབུལ་ཞུས།
མཐར་ཨིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་ནོར་བུ་ལགས་ཀྱིས་མཉམ་ཞུགས་པ་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༢༥ ཉིན་ཏེ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགུང་ལོ་ ༣༦ འཁོར་བའི་དུས་དྲན་ཐོག་གདན་ས་བཀྲ་ཤིས་ལྷུན་པོ་དགོན་གྱིས་སྤེལ་བའི་གསལ་བསྒྲགས་སྒྲོགས་སྦྱང་གནང་ཡོད་པ་བཅས།།