༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གླིང་ཕྲན་གསུམ་གྱི་གཞུང་ཚབ་པ་བདུན་དང་གཞུང་ཚབ་གཞོན་པ་ལྔ། དེ་བཞིན་གཞུང་ཚབ་ཁང་བརྒྱད་ཀྱི་མཐོ་རིམ་ལས་བྱེད་ཁག་ཅིག་བཅས་དང་མཇལ་འཕྲད་གནང་ཡོད།
མཇལ་འཕྲད་སྐབས་སུ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་དང་བསྟུན་བོད་མིའི་སྒྲིག་འཛུགས་ནས་བཞུགས་སྒར་གཙོ་བོར་བྱས་པའི་འཛམ་གླིང་ཁྱོན་ཡོངས་སུ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་མཛད་རིམ་སྐོར་འགྲེལ་བརྗོད་གནང་འདུག་ལ། འཛམ་གླིང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་ཇི་ཙམ་ཕྱིན་ཀྱང་། བོད་མིའི་རང་དབང་སླར་གསོའི་ལས་འགུལ་དེ་བཞིན་རྒྱུན་མཐུད་གནས་བཞིན་ཡོད་པ་ངོ་སྤྲོད་གནང་འདུག
མཇལ་མོལ་སོ་སོའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ལྷན་དུ་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། སྐུ་ཚབ་དོན་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་རྣམ་གཉིས་ལྷན་བཅར་ཞུས་ཡོད་པ་རེད། །