༄༅། །ནི་དར་ལེནྜ་གྲོས་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༡༥ རེས་གཟའ་མིག་དམར་ཉིན་ནི་དར་ལེནྜ་གྲོས་ཚོགས་འོག་མ་ནས་དོན་ཚན་གསུམ་འཁོད་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་བ་བརྒྱུད་ནི་དར་ལེནྜ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་འདོན་གནང་ཡོད།
ནི་དར་ལེནྜ་གྲོས་ཚོགས་ཀྱིས་མང་མོས་སྒོ་ནས་གཏན་འབེབས་གནང་བའི་གྲོས་ཆོད་འདིའི་ནང་། རྒྱ་ནག་གཞུང་གིས་བོད་དང་ལྷོ་སོག ཡུ་གུར་སོགས་ལ་དབྱེ་འབྱེད་དང་། བསུན་གཙེར། ཉེས་མེད་ཉེས་འགེལ་གྱིས་བཙོན་འཇུག སྲིད་གཞུང་གི་སློབ་གསོ་སྤེལ་བཞིན་ཡང་ནས་ཡང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ནན་བརྗོད་དང་། ཡུ་རོབ་བོད་དོན་དམིགས་བསལ་སྐུ་ཚབ་ཅིག་བསྐོ་གཞག་ཡོང་བ་དང་ཨ་རིའི་གཞུང་ནས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ནང་ལྟར་ཡུ་རོབ་མཐུན་ཚོགས་ནས་ཀྱང་བོད་དོན་ཐོག་དེ་མཚུངས་ཀྱི་ཁྲིམས་ཡིག་གཏན་འབེབས་དགོས་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༸སྐུའི་ཡང་སྲིད་ངོས་འཛིན་གནང་སྒོ་དང་འབྲེལ། རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་ཆོག་གི་མེད་པ་ནི་དར་ལེནྜ་གཞུང་ངོས་ནས་རྒྱལ་ཁབ་གཞན་དང་འབྲེལ་བ་ནམ་བྱུང་ལ་གསལ་པོ་བཟོ་དགོས་པའི་ཞབས་སྐུལ་གནང་འདུག
ནི་དར་ལེནྜ་གྲོས་ཚོགས་འཐུས་མི་ཇན་པཱ་ཊར་ནོ་ཊི་ (Jan Paternotte) ལགས་དང་། ཨི་ས་ཁ་ར་མན་ (Isa Kahraman) ལགས། ཌི་གྷི་བོས་ཝེཀ་ (D.G. Boswijk) ལགས། ཨི་ཝེན་ཌར་བཱརྒ་ (E.Van der Burg) ལགས། ཝེན་བཱར་ལེ་ (S.R.T. Van Baarle) ལགས། ཝེན་དེར་ལེེ་ (T.M.T. van der Lee) ལགས། ཌི་གྷི་ཨེམ་སི་དཱར་ (D.G.M. Cedar) ལགས། ཊོན་སི་དཱར་ (Don Ceder) ལགས། ཁི་རི་སྟོ་ཕར་ (Chris Stoffer) ལགས། མཱར་ཊིན་ (Martin Oostenbrink) ལགས། ཇོའི་ (Joi NB) ལགས་བཅས་ནས་བསྣམས་ཕེབས་པའི་གྲོས་ཆོད་གྲོས་འཆར་དེའི་ཐོག་གྲོས་ཚོགས་འཐུས་མི་རྣམ་པས་ཚད་མཐོའི་མང་མོས་ཀྱི་སྒོ་ནས་གཏན་འབེབས་གནང་ཡོད་པ་རེད།
གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྔ་ལོའི་ཕྱི་ཟླ་༡༠ནང་ནི་དར་ལེནྜ་རྒྱལ་ཁབ་ཏུ་འཚམས་གཟིགས་སུ་ཕེབས་སྐབས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་གྲོས་ཚོགས་འཐུས་མི་རྣམ་པར་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་།༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པའི་སྐོར་བཀའ་བསྡུར་གནང་རྒྱུ་བྱུང་བ་སོགས་ལ་བརྟེན་ནས་ནི་དར་ལེནྜ་གྲོས་ཚོགས་འཐུས་མི་རྣམ་པས་ད་ཐེངས་ཀྱི་གྲོས་ཆོད་འདི་ཉིད་གཏན་འབེབས་གནང་ཡོད་ལ། ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་འབོད་ཚིག་འོག་ནི་དར་ལེནྜ་གྲོང་ཁྱེར་ཧེག་ (Hague) ནང་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅཊ་གྷི་རི་ (Richard Gere) ལགས་དང་། སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་ནས་གྲོས་ཚོགས་འཐུས་མི་རྣམ་པར་ཞུ་གཏུག་གནང་བ་སོགས་ལས་བྱུང་ཡོད་པ་རེད།
ཐེངས་འདིར་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ནི་དར་ལེནྜ་གྲོས་ཚོགས་འཐུས་མི་རྣམ་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འདིའི་བརྒྱུད་བོད་ནང་གི་བོད་མི་གཙོ་བོར་གྱུར་བའི་བཙན་བྱོལ་བོད་མི་རྣམས་ལ་རེ་བ་ཆེན་པོ་སྦྱིན་ཡོད་པ་མ་ཟད། ནི་དར་ལེནྜ་ལྟ་བུའི་མང་གཙོའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བོད་མིའི་ཞི་བའི་འཐབ་རྩོད་ཀྱི་ནུས་པ་སྲ་བརྟན་དུ་གཏོང་ཡོད་པ་གསུང་འདུག །