༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པྲ་བྷོཊ་སག་སེ་ནཱ་ (Prabodh Saxena) ལགས་ཀྱིས་བསྐོང་ཚོགས་གནང་བའི་ཚོགས་འདུར་ཕེབས་ཏེ་ཧི་མཱ་ཅལ་མངའ་སྡེའི་ནང་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་ས་ཆ་བོགས་གཏོང་དང་བསྐྱར་གསོ་ཡིག་ཆའི་སྐོར་གྲོས་བསྡུར་གནང་ཡོད་པ་དང་། སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་ནགས་ཚལ་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་འཕར་སྐུ་ཞབས་ཀམ་ལེཤ་ཀུ་མཱར་པནྚ་ (Kamlesh Kumar Pant) ལགས་དང་། གྲོང་ཁྱེར་ཡར་རྒྱས་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་དེ་ཝེཤ་ཀུ་མཱར་ (Devesh Kumar) ལགས། ཁྲལ་བསྡུའི་ལས་ཁུངས་ཀྱི་དྲུང་འཕར་སྐུ་ཞབས་སྦལ་ཝན་ཅནྜ་ (Balwan Chand) ལགས། དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་ལྷན་ཞུགས་གནང་ཡོད།
དེ་ཡང་ཚོགས་འདུ་འདི་ནི་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སིམ་ལར་གཞུང་འབྲེལ་འཚམས་གཟིགས་ཕེབས་པའི་མཇུག་སྐྱོང་ཡིན་པ་རེད། ཚོགས་འདུའི་ཐོག་ཁྲལ་འབབ་དང་ནགས་ཚལ་གཉིས་ཀའི་ས་ཆ་བོགས་གཏོང་གསར་བཟོ་དང་། གཡར་གླ་བཅས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་གྲོས་བསྡུར་ལྷུག་པོ་གནང་རྗེས་སྤྱི་ཁྱབ་དྲུང་ཆེ་ནས་གནད་དོན་དེ་དག་ཐོག་བཀའ་འཁྲོལ་ཆེད་བཀའ་ཤག་ལ་མངགས་རྒྱུའི་ཐག་གཅོད་གནང་། དེ་བཞིན་ཁོང་གིས་འབྲེལ་ཡོད་ལས་ཁུངས་ཁག་གི་ལས་བྱེད་ཚོར་དགོས་ངེས་ཀྱི་གྲོས་འཆར་ཁག་འབུལ་དགོས་པའི་བཀོད་མངགས་གནང་ཡོད།
ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་ལྷན་དུ་སིམ་སྤྱི་ཚེ་དབང་ཕུན་ཚོགས་ལགས་དང་། སིམ་སྤྱི་གསར་པ་ལྷག་པ་ཚེ་རིང་ལགས། ནང་སྲིད་དྲུང་གཞོན་དངོས་གྲུབ་འོད་ཟེར་ལགས་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།