༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༢༡ ཉིན་ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སི་སི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་ཡོངས་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་གསོའི་གསུང་འཕྲིན་གནང་ཡོད།
དེ་ཡང་གསུང་འཕྲིན་གནང་འཁོད་དོན། འཛམ་གླིང་ནང་ཆོས་ལུགས་འཐེན་ཁྱེར་གྱི་དུས་སྐབས་འདིར་ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སི་སི་མཆོག་གིས་སྙིང་རྗེ་དང་མཐུན་གྲོགས་ཀྱི་བསམ་བློའི་མཚོན་དོན་ངོ་མ་ཞིག་ཡིན། ཁོང་གིས་ཐུགས་གཡོ་བ་མེད་པར་ཉམ་ཐག་འཁོས་ཞན་པ་རྣམས་ལ་རྒྱབ་སྐྱོར་དང་། དབང་ཤུགས་ཅན་ལ་བདེན་པ་བརྗོད་པ། ཁོར་ཡུག་སྲུང་སྐྱོབ་བཅས་ལ་རྒྱབ་སྐྱོར་གནང་བ་དེས་བོད་བརྒྱུད་ནང་བསྟན་ཚུད་པའི་ཆོས་ལུགས་འདྲ་མིན་རྣམས་ལ་ཤུགས་རྐྱེན་ཟབ་པོ་ཐེབས་ཡོད། ཅེས་དང་།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སི་སི་མཆོག་ལ་གུས་བཀུར་ཆེན་པོ་གནང་བ་མ་ཟད། ལྷག་པར་ཁོང་རྣམ་གཉིས་ཀྱིས་མིའི་རིགས་ཀྱི་འབྲེལ་བ་དམ་ཟབ་ཀྱི་གོ་རྟོགས་ཟབ་མོ་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་ཐོག་སྐུ་ལས་མཉམ་སྤེལ་གནང་བ་སོགས་ཀྱི་སྐོར་གསལ་འདོན་གནང་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས། དཀའ་ངལ་ཆེ་བའི་དུས་སྐབས་འདིར་ང་ཚོ་འཛམ་གླིང་ཡོངས་ཀྱི་ཡེ་ཤུའི་སྤྱི་ཚོགས་དང་ལྷན་དུ་མཉམ་གནས་ཀྱིས་སྐྱོ་གདུང་ཆེན་པོའི་གྱོང་གུན་འདིར་སེམས་གསོ་ཞུ་བཞིན་ཡོད། པོབ་ཧྥ་རན་སི་སི་མཆོག་གི་སྙིང་རྗེ་དང་དྲང་བདེན་ལྡན་པའི་འཛམ་གླིང་གི་དམིགས་ཡུལ་དེས་ང་ཚོ་ཚང་མར་མུ་མཐུད་ལམ་སྟོན་གནང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད། །