༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་རྒྱ་གར་བྱང་ཕྱོགས་སིམ་ལ་དང་། ཀུམ་རའོ། ས་ཊོན་བཅས་སུ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས་གནང་བཞིན་ཡོད་པ་ལྟར། གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༠༣ ཙམ་ལ་སིམ་ལར་ཕེབས་འབྱོར་སྐབས་སིམ་སྤྱི་ཚེ་དབང་ཕུན་ཚོགས་ལགས་དང་། ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གཙོས་པའི་མི་མང་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུས་ཡོད།
ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སིམ་ལའི་རང་བཙན་གྲོང་སྡེར་འཚམས་གཟིགས་དང་འབྲེལ་མི་མང་ལ་ལམ་སྟོན་གསུང་བཤད་གནང་གྲུབ་མཚམས་སིམ་ལར་རྟེན་གཞིར་བྱས་པའི་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ་ཆོས་མཇལ་དང་བསྟུན་དགོན་པའི་འཛུགས་སྐྲུན་ལས་གཞིར་རྟོག་ཞིབ་དང་། དེ་བཞིན་སངས་རྒྱས་ཆོས་གླིང་གྲོང་སྡེ་དང་། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་གནང་ཡོད།
དེ་ནས་ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ཨུ་ཏར་ཁནྜ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་བྷཱཤ་ཀུ་མཱར་དང་། ཏཱ་ལའི་བླ་མ་དགེ་རྩ་ཚོགས་པའི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་བཅས་དང་ལྷན་བོད་མིའི་སྒྲིག་འཛུགས་ཀྱི་ས་ཆའི་མིང་བསྒྱུར་གྱི་གནད་དོན་ཐོག་གྲོས་མོལ་གནང་རྗེས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུཁ་ཝིན་དྷར་སིངྒ་སུ་ཀུ་མཆོག་དང་མཇལ་འཕྲད་གནང་ཞིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡོང་འགྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་གྱི་མཛད་སྒོར་མགྲོན་འབོད་གནང་བ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱི་ས་ཆའི་མིང་བསྒྱུར་དང་འབྲེལ་བའི་གནད་དོན་ཐོག་སྙན་སེང་ཞུས་པར་སྤྱི་ཁྱབ་བློན་ཆེན་མཆོག་ནས་གནད་དོན་དེའི་ཐོག་བཀའ་ཤག་ཏུ་གྲོས་བསྡུར་གྱིས་ཐག་གཅོད་གནང་རྒྱུ་ཡིན་པ་གསུངས།
དེ་རྗེས་ཆུ་ཚོད་ ༤།༣༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་སྤེན་པ་ཚེ་རིང་མཆོག་གཙོས་པའི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ནང་སྲིད་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས། སིམ་སྤྱི་ཚེ་དབང་ཕུན་ཚོགས་ལགས་བཅས་ནས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པྲ་བྷོཌ་སག་སེ་ནཱ་མཆོག་དང་མཇལ་འཕྲད་གནང་སྟེ་ཧི་མཱ་ཅལ་ནང་དུ་གནས་སྡོད་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་བཀའ་མོལ་གནང་ཡོད།
ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་བྱང་ཕྱོགས་སིམ་ལ་ཁུལ་གྱི་འཚམས་གཟིགས་སྐབས་ནང་སྲིད་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས་ལྷན་བཅར་གནང་ཡོད་པ་བཅས།།