༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དྷ་ས་གཞུང་གི་མཐོ་སློབ་ཏུ་Swara Mountain Arts Festival ཞེས་པའི་སྒྱུ་རྩལ་དུས་སྟོན་གྱི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད།
དེ་ཡང་མཛད་སྒོ་འདི་ནི་ཁོར་ཡུག་གི་གོ་རྟོགས་དང་། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གྱི་དུས་སྟོན་ཞིག་ཡིན་པ་དང་། དེའི་ཁྲོད་དུ་རྒྱ་གར་གྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་པ་དང་། རྒྱ་གར་གྱི་སྙན་གྲགས་ཆེ་བའི་པདྨ་ཤྲཱི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ཤོ་བ་ན་ནཱ་རཱ་ཡན་ལགས། གུ་རུ་སོ་ནམ་ཀཱལ་ར་ལགས། མ་ཎི་པུར་གྱི་གཞས་པ་གྲགས་ཅན་མང་ག་ལའི་ཧུ་ལགས། ལ་དྭགས་ཀྱི་རོལ་དབྱངས་ཚོགས་པ་ད་ཤུགས། དེ་བཞིན་རྒྱ་གར་སྲོལ་རྒྱུན་དང་གར་སྟེགས་སྒྲིག་པ་པོ་ཨ་དྷི་ཏི་ཡ་ཝར་དྷན་ལགས་བཅས་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་སྐབས་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་བསྔགས་བརྗོད་ཞུས་གནང་ཡོད་པ་དང་། འགྲོ་བ་མི་ཚང་མ་མ་ལས་སྐྱེས་ཤིང་མའི་བྱམས་སྐྱོང་འོག་འཚོ་བ་གཅིག་མཚུངས་ཡིན་པར། བུད་མེད་རྣམས་ལ་ཆེ་བསྟོད་དང་བརྩི་བཀུར་ཞུ་རྒྱུ་གལ་འགངས་ཆེན་པོ་ཡིན་པར་ནན་བཤད་གནང་ཡོད། །