
མཇལ་འཕྲད་སྐབས་ཕྱོགས་གཉིས་ཀས་བོད་དོན་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་སྐོར་བཀའ་བསྡུར་གནང་བ་མ་ཟད། ལྷག་དོན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་མི་ཚོར་མུ་མཐུད་དུ་འཕྲད་བཞིན་པའི་དམ་དྲག དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུའི་གལ་གནད་སོགས་གནད་དོན་གལ་ཆེན་ཁག་ཅིག་གི་ཐོག་གྲོས་མོལ་གནང་ཡོད།
ད་དུང་༧གོང་ས་མཆོག་གི་ཕྱག་དེབ་གསར་པ་ (སྨྲ་མཇོད་རང་དབང་མེད་པ་ཚོའི་ཆེད་དུ་མགྲིན་ཚབ་པ།) ཞེས་པའི་ཕྱག་དེབ་གཅིག་ཀྱང་ཕུལ་བ་དང་། དེ་ནས་ཕྱག་དེབ་ནང་གི་ལེའུ་ ༡༦ པ་ལུང་འདྲེན་ཐོག་བོད་དོན་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་འབོད་སྐུལ་ཞུས་ཡོད། དེ་དང་ཕྱོགས་མཚུངས་ང་ཚོས་ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་དགོངས་དོན་ལྟར་རྒྱ་ནག་སྲིད་གཞུང་གི་དཔོན་རིགས་ཁག་ཅིག་ལ་དམ་དྲག་བཀའ་ཆད་བཀལ་བར་ཐུགས་རྗེ་ཆེ་ཞུས་པ་ཡིན།
ལྕམ་ཕི་ནར་ཊིས་བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་དང་། བོད་མི་རྣམས་ལ་ཨ་རིས་རྒྱབ་སྐྱོར་བྱེད་རྒྱུའི་ཁས་ལེན་བསྐྱར་ནན་གནང་ཡོད། ཁོང་གིས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཐུན་མོང་མ་ཡིན་པའི་ཁྱད་ནོར་དང་སྲོལ་རྒྱུན་བཅས་གོང་མཐོར་གཏོང་བ་དང་སྲུང་སྐྱོབ་བྱེད་པར་ཨ་རིས་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱེད་བཞིན་ཡོད་པ་ནན་བརྗོད་གནང་ཡོད།
མཇལ་འཕྲད་འདིས་བོད་མིའི་ལས་འགུལ་དང་ཨ་རིའི་དབར་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། ཞི་བའི་གྲོས་མོལ་བཅས་ལ་རྒྱབ་སྐྱོར་གནང་རྒྱུའི་ཐོག་ཐུན་མོང་གི་རིན་ཐང་གཞི་རྟེན་ཡོད་པ་མཚོན་ཡོད། །
