
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༡༠ ཉིན་ཌལ་ཧོར་ས་གནས་འགོ་འཛིན་སྐལ་བཟང་བསྟན་འཛིན་ལགས་དང་། བློ་གསལ་གླིང་གི་ཕྱག་མཛོད། བཟོ་གྲྭའི་འགན་ལྷན་ཚོགས་གཙོ་བཅས་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་༸རྗེ་བཙུན་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་དཔལ་བཟང་པོ་མཆོག་ས་གནས་སུ་གདན་འདྲེན་ཞུ་ཆེད་དྷ་སར་བཅར། ཕྱི་ཚེས་ ༡༡ སྔ་དྲོ་ཆུ་ཚོད་ ༩ ཐོག་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དྷ་ས་ནས་ཌལ་ཧོར་དུ་ཆིབས་འགྱུར་བསྐྱངས་སྐབས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ནས་ཌལ་ཧོར་ཉེ་འགྲམ་མངའ་གཞུང་གི་མགྲོན་ཁང་དུ་ཕེབས་བསུ་སྣེ་ལེན་ཐོག་མར་ཞུས། དེ་རྗེས་བློ་གསལ་གླིང་དགོན་པར་ཆིབས་བསྒྱུར་གྱིས་ཆོས་ཕྱོགས་ཀྱི་མཛད་སྒོ་བསྒྲུབས་མཚམས་ཉིན་གུང་གསོལ་ཚིགས་ཞུས་རྗེས་མགྲོན་ཁང་དུ་ཕེབས།

ཕྱི་ཚེས་ ༡༢ ཉིན་ཌལ་ཧོར་ཉེ་འགྲམ་ Khajjiar དང་ Dain Kund གཞིས་སློབ་བཅས་སུ་འཚམས་གཟིགས་དང་། ཕྱེ་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སངས་རྒྱས་འོད་དཔག་མེད་ཀྱི་ལྷ་ཁང་གསར་པ་དབུ་འབྱེད་དང་། སྐུ་བརྙན་གསར་བཞེངས་ལ་ཁྲུས་གསོལ་དང་རབ་གནས་བཅས་ལེགས་གྲུབ་རྗེས་མི་མང་ཚོགས་ཁང་དུ་མང་ཚོགས་ ༣༥༠ ཙམ་ལ་ཚེ་དཔག་མེད་ཀྱི་ཚེ་དབང་བཀའ་དྲིན་བསྩལ། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཌལ་ཧོར་ནས་ཕྱིར་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས། །





