༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ པའི་ཚེས་ ༡༡ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་སོང་།
ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནང་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀར་མན་ ཇཱོ་ལར་ (MP Karmen Joller) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཧ་ནཱ་ ལ་ཧེ་ (MP Hanah Lahe) མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཊོ་ ཀི་ཝི་བྷརྐ་ (MP Ando Kiviberg) མཆོག གྲོས་ཚོགས་འཐུས་མི་ཇེཀ་ ཝལ་གྷེ་ (Jaak Valge) མཆོག བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་སཱ་ཀཱ་རཡེ་སི་ ཇན་ ལེ་པིག་ (Sakarias Jaan Leppik) ལགས། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨུར་མོ་ (Urmo Uiboleht) ལགས། སྐུ་ཞབས་པི་རི་ཊ་ རོ་ཧུ་མཱ་ (Priit Rohumaa) ལགས་བཅས་ཕེབས་འདུག
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུང་དོན། ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པས་ཁ་སང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་དང་། དེ་བཞིན་གཞུང་འབྲེལ་གསུམ་བཅུའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་བ་བཅས་ཀྱི་ཐོག་ནས་བོད་དོན་ཐོག་མཁྱེན་རྟོགས་ཡག་པོ་བྱུང་ཡོད་པའི་སྐོར་དང་། ང་ཚོ་བཙན་བྱོལ་ལ་གྱར་ནས་ད་བར་ལོ་ངོ་ ༦༦ འགྲོ་ཡི་ཡོད་པ་དང་། དུས་ཚོད་དེའི་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་དང་། དེ་བཞིན་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་མི་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོའི་ཐོག་དུས་ཚོད་མང་བ་བཏང་ཡོད་པ། དེ་བཞིན་གནས་ཡུལ་རྒྱ་གར་གཞུང་དང་། ཨ་རི། ཡུ་རོབ་རྒྱལ་ཁབ་ཁག་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བ་དེས་བོད་མི་ཚོར་དམིགས་བསལ་གྱིས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ། རྒྱ་ནག་དམར་གཞུང་འོག་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། ཕྱི་ལོ་ ༢༠༠༢ ནས་ད་བར་རྒྱ་ནག་གཞུང་དང་ལྷན་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ཡི་རྗེས་བོད་རྒྱ་འབྲེལ་མོལ་ཆད་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ངོས་ནས་མུ་མཐུད་བོད་རྒྱ་འབྲེལ་མོལ་ཡོང་ཐབས་བྱེད་བཞིན་ཡོད་སྐོར། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་སྐོར་སོགས་ཀྱི་ཐོག་གསུངས་གནང་སོང་།
དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོ་བོ་གསུང་དོན། ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་འདིར་ཕེབས་པ་དེས་རྒྱ་ནག་གཅིག་སྡུད་དབང་འཛིན་གཞུང་ལ་བརྡ་ལན་ཤུགས་ཆེན་ཞིག་སྤྲོད་ཀྱི་ཡོད་པའི་སྐོར་དང་། ཨི་སི་ཊོ་ནི་ཡའི་སྐུ་ཚབ་ཚོགས་ཆུང་གི་ཐོག་ནས་སོ་སོའི་རྒྱལ་ཁབ་དང་། རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་གླེང་སློང་ཡོང་ཐབས། དེ་བཞིན་བོད་ཀྱི་འཐབ་རྩོད་ནི་བདེན་དོན་འཐབ་རྩོད་ཞིག་ཡིན་པ། འཛམ་གླིང་གནམ་གཤིས་འགྱུར་ལྡོག་ཐོག་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་ཤུགས་རྐྱེན་སྐོར། རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་ཚབས་ཆེན་གཏོང་བཞིན་ཡོད་པ་དེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་གནང་ཐབས་ཡོང་བའི་སྐོར་སོགས་གསུངས་སོང་།
ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པས། ད་ལན་བཞུགས་སྒར་རྡ་སར་ཕེབས་ནས་བོད་ཀྱི་གནད་དོན་ཐོག་མཁྱེན་རྟོགས་གང་ལེགས་བྱུང་བའི་སྐོར་དང་། དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨི་སི་ཊོ་ནི་ཡའི་རྒྱལ་ཁབ་ནང་ཆིབས་བསྒྱུར་མཛད་ཡོད་པའི་སྐོར། དེ་རིང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་མཇལ་འཕྲད་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར། ཁོང་རྣམ་པའི་ཐོག་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ཐོག་གདུང་སེམས་མཉམ་སྐྱེད་དང་། མུ་མཐུད་རྒྱབ་སྐྱོར་ཡོད་པའི་སྐོར་སོགས་གསུངས་པ་དང་། དེ་བཞིན་བོད་རྒྱ་འབྲེལ་མོལ་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་དང་འབྲེལ་བའི་ཐོག་དྲི་བ་གནང་བར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས། །