༄༅། །ཨ་རུ་ཎཱ་ཅལ་མངའ་ཁོངས་སུ་གཏོགས་པའི་སྨན་ཆུའི་སོ་ནམ་ལོ་གསར་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གདན་ཞུས་ལྟར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་སྣེ་འཁྲིད་འོག་འཁྲབ་སྟོན་འགན་འཛིན་ལས་རོགས་དང་དགེ་སློབ་འཁྲབ་སྟོན་པ་ཁྱོན་བསྡོམས་མི་གྲངས་ ༡༥ ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཉིན་དྷ་ས་ནས་ཐོན་ཏེ་རྒྱ་གར་བྱང་ཤར་སྨན་ཆུ་ཁའི་ས་གནས་སུ་ཕྱི་ཚེས་ ༡༠ ཉིན་བདེ་འབྱོར་གྱིས་དེ་གའི་སོ་ནམ་ལོ་གསར་གོ་སྒྲིག་ཚོགས་ཆུང་ནས་སྣེ་ལེན་གཟབ་རྒྱས་ཞུས་ཏེ་ཡུལ་མི་རྣམས་ནས་ཀྱང་བོད་ཀྱི་ཟློས་གར་ཚོགས་པ་ས་གནས་སུ་ཐེངས་དང་པོ་ཕེབས་པར་བརྟེན་དགའ་བསུ་ཞུས་ཡོད།
གཞི་རྩའི་སྨན་ཆུ་ཁ་ནི་བོད་ཀྱི་ས་མཚམས་སུ་ཆགས་ཡོད་པ་དང་། ཕ་མེས་ནས་བརྒྱུད་པའི་རིག་གཞུང་ནི་ཀོང་པོའི་ཡུལ་སྲོལ་དང་ཆགས་ལུགས་ཡིན་པ་དང་། ཁོང་ཚོའི་ཕ་མེས་ཡབ་མེས་རྣམས་བོད་རིགས་ཡིན། ད་ལན་གྱི་སོ་ནམ་ལོ་གསར་ཕྱི་ཚེས་ ༡༢ ནས་ ༡༤ བར་ཉིན་གྲངས་གསུམ་རིང་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་ལུང་ཁང་གི་གཞས་སྣ་གཟིགས་འབུལ་ཞུ་སྐབས། ཡུལ་མི་རྣམས་ཀྱི་དགའ་ཚོར་དང་སྤྲོ་སྣང་ཆེན་པོས་དགའ་བསུའི་འཚམས་འདྲི་གནང་ཡོད།
སྨན་ཆུ་ཁར་གནས་སྡོད་བྱེད་མཁན་ཡུལ་མི་རྣམས་ལ་མེམ་བྷ་ཞེས་བརྗོད་ཀྱི་ཡོད་པ་དང་། ཁོང་ཚོའི་ཕ་མེས་རྣམས་བོད་ནས་ཡོང་བ་ཡིན་ཞིང་། དུས་རབས་འགའ་ཤས་ཀྱི་ཡར་སྔོན་ནས་ས་ཁུལ་འདིར་གཞིས་ཆགས་ཏེ་གནས་པ་ཞིག་ཡིན། མེམ་བྷའི་ཡུལ་མི་རྣམས་ནི་སངས་རྒྱས་ཆོས་ལུགས་ཀྱི་རྗེས་སུ་བསྙེག་མཁན་ཡིན་པ་དང་། མི་རབས་ནས་མི་རབས་བརྒྱུད་བོད་ཀྱི་ཡུལ་སྲོལ་དང་ཀོང་པོའི་ས་འབྲེལ་གྱི་ཆ་ལུགས་བཀླུབས་ཏེ་འཚོ་གནས་བྱེད་མཁན་ཞིག་ཡིན། ད་ལན་ཁོང་ཚོས་བོད་ཀྱི་ཟློས་གར་ཚོགས་པ་ས་གནས་སུ་ཐེངས་དང་པོ་གདན་ཞུ་གནང་དོན་ཡང་། ཕ་མེས་ཀྱི་རིག་གཞུང་རྣམས་མི་རབས་གཞོན་པར་ངོ་སྤྲོད་དང་བརྒྱུད་སྤྲོད་བྱེད་རྒྱུའི་དགོངས་པ་བཞེས་པ་ཞིག་ཡིན།
ད་རེས་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་དང་སྒྱུ་རྩལ་བ་རྣམས་ནས་མེམ་བྷ་ཚོའི་སོ་ནམ་ལོ་གསར་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་ཞུ་ཐུབ་པ་དེས་ཁུལ་དེའི་མི་རིགས་རྒན་གཞོན་བར་གསུམ་གྱི་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་དག་མི་ཉམས་རྒྱུན་འཛིན་དང་། གཞོན་སྐྱེས་ཚོས་རྒྱུས་མངའ་ཡོང་ཆེད་ཕན་ཐོགས་ཆེན་པོ་བྱུང་བའི་ཐུགས་རེ་གནང་བ་དང་། བོད་དང་ཧི་མ་ལ་ཡའི་མི་རིགས་བར་གྱི་མཛའ་མཐུན་སྔར་ལྷག་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད།
ད་ལན་གྱི་སོ་ནམ་ལོ་གསར་གྱི་དུས་སྟོན་དང་བསྟུན་ཡུལ་མི་གཞོན་སྐྱེས་རྣམས་ཀྱང་བོད་ཀྱི་ཟློས་གར་རིག་གཞུང་ལ་དོ་དབྱིངས་ཆེན་པོ་ཡོང་རྒྱུའི་ཕན་ཐོགས་བྱུང་བ་དང་། སླད་མ་འོངས་པར་ཡང་ས་ཁུལ་དེའི་གཞོན་སྐྱེས་མང་དག་ཅིག་བོད་ཀྱི་ཟློས་གར་ཚོགས་པའི་ནང་རིག་གཞུང་ཟབ་སྦྱོང་སོགས་ལ་བཅར་རྒྱུའི་འཆར་གཞི་ཡོད་སྐོར་བསམ་ཚུལ་དོན་སྙིང་ལྡན་པ་མང་པོ་ཞིག་བྱུང་། །