༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་འོག་རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པ་དང་། མི་མང་རྒན་གཞོན་ཕོ་མོ་སྟོང་ཕྲག་བརྒལ་བས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པར་བོད་ཀྱི་སྟོད་དིང་རི་གཙོས་གཞིས་ཀ་རྩེ་སོགས་ས་གནས་ཁག་ཅིག་ལ་ས་ཡོམ་ཤུགས་ཆེར་བརྒྱབ་སྟེ་རྐྱེན་འདས་དང་། རྨས་སྐྱོན་ཕོག་པ། ཁང་ཁྱིམ་གཏོར་བཤིག་ཚབས་ཆེ་བྱུང་བ་བཅས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་རེད།
སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བོད་ལ་ས་ཡོམ་བརྒྱབ་ནས་ཉམས་ཆག་ཆེན་པོ་ཕྱིན་པ་ལྟ་བུ་འདུག དེ་དག་ནི་སོ་སོའི་ལས་དབང་རེད། ཡིན་ནའང་ཆོས་དད་མེད་མཁན་ཞིག་ལ་ལས་ངན་འཁོར་སྐབས་སེམས་ཕམ་ནས་སྡོད་པ་མ་གཏོགས་བྱ་རྒྱུ་མེད། ང་ཚོ་ཆོས་དད་ཡོད་མཁན་ཚོར་ལས་ངན་སྨིན་ཡོང་སྐབས་དེ་སྔོན་ཆད་ཀྱི་སྡིག་པ་དག་པ་དང་། ཕྱིན་ཆད་དགེ་བའི་བློ་གོང་ནས་གོང་དུ་འཕེལ་བའི་མཐུན་པའི་རྐྱེན་ཆགས་རྒྱུ་འདུག དཔེར་ན། རྐྱེན་ངན་མང་པོ་ཞིག་ཡོང་སྐབས་རྐྱེན་ངན་དེ་དག་རྒྱུ་མཚན་དུ་བྱས་ནས་སོ་སོའི་ངོས་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཟབ་གཟབ་བྱས་ཏེ་སྒོམ་པ་ཡོང་གི་འདུག
བོད་དུ་ས་ཡོམ་གྱི་རྐྱེན་གྱིས་རྐྱེན་ངན་མང་པོ་ཞིག་ཡོང་སྐབས་རྐྱེན་ངན་འདི་དག་བྱང་ཆུབ་ལམ་དུ་བསྒྱུར་རྒྱུ་སོ་སོའི་ལག་པར་ཡོད་པ་རེད་ལ།དེ་ལ་བསམ་བློ་བཏང་བ་ཡིན་ན་འབྲས་བུ་ངན་པ་ཞིག་སྨིན་ཀྱང་། དེའི་རྐྱེན་བྱས་ཏེ་དགེ་བའི་བློ་སྐྱེས་པ་དང་། སེམས་ཤུགས་བསྐྱེད་པ་ལ་ཕན་ཐོགས་ཡོང་བ་ཞིག་རེད།
ངོས་རང་ལ་ཆ་བཞག་ན་བོད་ལ་ས་ཡོམ་བརྒྱབ་ནས་རྐྱེན་མང་པོ་འཕྲད་པའི་པར་མཐོང་སྐབས་དེས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དང་། སྟོང་ཉིད་སྒོམ་རྒྱུ། དེ་བཞིན་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པའི་སེམས་ཤུགས་གོང་ནས་གོང་དུ་འཕེལ་བར་ཕན་ཐོགས་འདུག
སེམས་ཞུམ་ནས་སྡུག་སྐད་རྒྱག་པ་མིན་པར་དེ་ལྟ་བུའི་རྐྱེན་ངན་འཕྲད་སྐབས་སེམས་ཤུགས་སྐྱེས་ཏེ་རྐྱེན་ངན་གྲོགས་སུ་ཡོང་ཐབས་ཤིག་གནང་དགོས། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཞེས་བཤད་ཀྱི་ཡོད།བོད་ལ་ས་འགུལ་གྱི་རྐྱེན་པས་རྐྱེན་ངན་མང་དག་ཅིག་ཡོང་བཞིན་ཡོད། འོན་ཀྱང་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་རྒྱུ་ཞིག་སྨོན་ལམ་རྒྱག་རྒྱུ་དང་། ད་ལྟ་མི་ལྷག་བསྡད་པ་རྣམས་ཀྱིས་སེམས་ཤུགས་སྐྱེད་ནས། བོད་གངས་ཅན་གྱི་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པས།སོ་སོའི་རྐྱེན་ངན་མང་པོ་ཞིག་ལས་དབང་གིས་བྱུང་བ་རེད། དེ་དག་རྐྱེན་ངན་གྲོགས་སུ་ཤར་རྒྱུའི་སེམས་ཤུགས་སྐྱེད་ནས་དགེ་བའི་བློ་ཡག་པོ་ཞིག་མུ་མཐུད་ནས་སྦྱང་རྒྱུ་གལ་ཆེན་པོ་རེད། བོད་ལ་ས་ཡོམ་བརྒྱབ་ནས་ཁང་པ་མང་པོ་ཞིག་རལ་དུ་གྱུར་བ་མཐོང་སོང་། སེམས་སྐྱོ་བ་ཞིག་འདུག་སྟེ།རྐྱེན་ངན་ལས་ངན་ཟློག་ཏུ་མེད་པ་ཆགས་ཀྱི་ཡོད། ང་ཚོས་རྐྱེན་ངན་གྲོགས་སུ་ཤར་རྒྱུའི་བསམ་བློ་ཞིག་གཏང་བ་ཡིན་ན་ཕན་ཐོགས་ཡོད་པ་རེད།
རྐྱེན་ངན་བྱུང་སྐབས་སེམས་ཤུགས་ཆག་ནས་མ་བསྡད་པར་སེམས་ཤུགས་སྐྱེད་དགོས་རེད། འབྱུང་བ་འཁྲུག་པ་ཡིན་དུས་མི་ལའང་ཁག་བཞག་ས་ཞིག་མེད་པས། ས་ཡོམ་གྱི་རིགས་རྣམས་རྐྱེན་ངན་གྱིས་ཡོང་བ་ཞིག་རེད་མ་གཏོགས། མིའི་ཆབ་སྲིད་ཀྱི་སྲིད་ཇུས་ཤིག་མིན་པ་ཡིན་དུས། བསམ་བློ་གཏོང་སྟངས་ཀྱི་ཐད་ནས་དགེ་མཚན་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།།