༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༠༩ ཉིན་སི་ཀོཊ་ལེནྜ་གྲོས་ཚོགས་ནང་སི་ཀོཊ་ལེནྜ་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པ་དང་། སི་ཀོཊ་ལེནྜ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོ་སི་གྲི་ཡར་ (Ross Greer) ལགས་ཀྱིས་གྲོས་འཆར་ཞིག་འདོན་སྤེལ་གནང་ཡོད། གྲོས་འཆར་དེའི་ནང་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཟུར་པ་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱི་ཕྱག་ལས་ལ་ངོས་འཛིན་གནང་བ་དང་། དེ་བཞིན་སི་ཀོཊ་ལེནྜ་དང་བོད་མིའི་དབར་འབྲེལ་ལམ་སྔར་ལྷག་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་དང་བཅས་དོན་གཅོད་གསར་པ་ཚེ་རིང་དབྱངས་སྐྱིད་ལགས་ལ་དགའ་བསུ་ཞུས་ཡོད།
སྐུ་ཞབས་རོ་སི་གྲི་ཡར་ལགས་ཀྱིས་འདོན་སྤེལ་གནང་བའི་གྲོས་འཆར་དེར་ད་བར་གྲོས་ཚོགས་འཐུས་མི་དགུས་རྒྱབ་སྐྱོར་གནང་ཡོད་པ་དང་། འབྱུང་འགྱུར་བདུན་ཕྲག་ནང་རྒྱབ་སྐྱོར་གནང་མཁན་གྱི་གྲངས་འབོར་འཕར་རྒྱུའི་རེ་བ་ཡོད་པ་རེད།
གྲོས་ཚོགས་ངོས་ནས་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༢༠༡༨ ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བར་འཚམས་འདྲི་ཞུ་རྒྱུ་དང་། སི་ཀོཊ་ལེནྜ་ནང་གི་བོད་མིའི་སྤྱི་ཚོགས་དང་མཉམ་དུ་ལྷག་བསམ་རྣམ་དག་གིས་འབྲེལ་ལམ་གནང་བར་ཆེ་མཐོང་ཞུ་རྒྱུ། དེ་བཞིན་ཕྱི་ལོ་ ༢༠༠༡ ནས་ ༢༠༡༡ བར་བོད་མི་མང་སྤྱི་འཐུས་དང་། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་ཐོག་ནས་བོད་པའི་སྤྱི་ཚོགས་ནང་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཞབས་ཕྱི་ཞུས་པར་ངོས་འཛིན་ཞུ་རྒྱུ། སྐུ་ཚེ་ཧྲིལ་པོར་བོད་མིའི་ཞི་བའི་ཐབས་རྩོད་ཆེད་ལྷན་བསམ་རྣམ་དག་གིས་ཞབས་ཕྱི་ཞུས་པར་ངོས་འཛིན་ཞུ་རྒྱུ། ཨིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཚེ་རིང་དབྱངས་སྐྱིད་ལགས་ལ་དགའ་བསུ་ཞུ་རྒྱུ་དང་སྦྲགས། མུ་མཐུད་སི་ཀོཊ་ལེནྜ་དང་བོད་མིའི་དབར་འབྲེལ་ལམ་དམ་ཟབ་ཡོང་བའི་རེ་བ་གནང་ཡོད།
གྲོས་ཆོད་འདིར་རྒྱབ་སྐྱོར་གནང་མཁན་སི་ཀོཊ་ལེནྜ་གྲོས་ཚོགས་འཐུས་མི་དགུ་ནི། མི་ཀེ་རེན་ཨེ་ཌམ་ (Karen Adam) ལགས་དང་། ཀེ་ལེར་ཨེ་ཌམ་སན་ (Clare Adamson) ལགས། ཇཻ་ཀི་ཌུན་སྦར་ (Jackie Dunbar) ལགས། ཀེ་ནེཊ་གིབ་སོན་ (Kenneth Gibson) ལགས། བྷིལ་ཀིཌ་ (Bill Kidd) ལགས། གི་ལིན་མཻ་ཀེ་ (Gillian Mackay) ལགས། སི་ཀྲུ་ཝཊ་མེག་མི་ལན་ (Stuart McMillan) ལགས། ཨོ་གྲི་རི་ནི་ཀོལ་ (Audrey Nicoll) ལགས། ཀེ་ཝིན་སི་ཀྲེ་ཝཊ་ (Kevin Stewar) ལགས་བཅས་ཡིན། །