
དེ་ཡང་ཚོགས་འདུའི་ཐོག་ས་གནས་མངའ་སྡེ་ཁག་གི་བོད་དོན་རྒྱབ་སྐྱོར་འཐུས་མི་རྣམས་ནས་བོད་ཀྱི་རང་དབང་དེ་རྒྱ་གར་གྱི་རྒྱལ་སྲུང་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་ནི་རྒྱ་གར་གྱི་རིག་གཞུང་ཡང་ཡིན་པས་དེ་དག་རྒྱུན་མཐུད་གནས་ཐབས་ལ་བོད་ཀྱི་རང་དབང་དེ་ཧ་ཅང་གལ་ཆེན་ཡིན་སྐོར་གཏམ་བཤད་གནང་ཡོད་པ་རེད།
དེ་རྗེས་ད་ལན་ཚོགས་འདུ་ཉིན་གཉིས་ཀྱི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ཆེད་ལས་སྨན་པ་རྒན་པ་སྐུ་ཞབས་སཊི་ཡ་ཇི་ཏི་ ཀུ་མར་ སིངྒ་ (Dr. Satyajit Kumar Singh Consultant Senior Urologist & Managing Director MS, FRCS, Dip. Uro. (London)) མཆོག་ཆེད་ཕེབས་གནང་སྟེ། ཚོགས་འདུའི་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་གནང་རྗེས། ཐེངས་འདིའི་ཉིན་གཉིས་རིང་གི་བོད་དོན་ཚོགས་འདུ་དེ་བཞིན་རྒྱལ་ཁའི་ངང་གྲོལ་ཡོད་འདུག
ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་རྣམ་གཉིས་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་བོད་དོན་སྐོར་ལ་གཏམ་བཤད་ཀྱང་གནང་ཡོད་པ་བཅས། །